ཐར་མ་མཚོ།

 

ཐར་མ་མཚོ ཤ་ཁྲག་གི་གསེང་ནས་ཐོན་ཤོག

ཨ་ཕའི་གྲ་སྒྲིག་བྱས་དེ་སྒུག་ཡོད

ཨ་མའི་ན་ཟུག་ལ་བསམ་ཤེས་གནོངས་ཤིག

ཨ་མ་ལ་སྙིང་རྗེ་ཞིག་བསྒོམ་ནས

ན་ཟུག་མེད་པར་ཕེབས་ཤོག་དང་

འཇིག་རྟེན་འདི་ན་ཉིད་རང་ལ་ཐར་བ་ཡོད་ངེས

 

ཐར་མ་མཚོ འཇིག་རྟེན་འདི་ན

ཁྱེད་རང་གི་གཞིས་ཁྱིམ་ཡོད

ཁྱེད་རང་གི་ཕ་མ་གཉིས་ཡོད

ཁྱེད་རང་གི་ཉེ་མི་ཡོད

ཁྱེད་རང་གི་རྩེད་རོགས་ཡོད

ཁྱེད་རང་གི་འཚར་ལོངས་བྱེད་ས་ཡོད

ཡིན་ཡང་ ཁྱེད་རང་གི་ཕ་རྒན་འདི་ནས་མིན་ལ

ཁྱེད་རང་གི་ཕ་རྒན་ལ་རྒྱལ་ཁབ་མེད

 

ཐར་མ་མཚོ ཁྱེད་འཇིག་རྟེན་ཏུ་སླེབས་པར

ཁྱེད་ལ་༧བླ་མས་གཟིགས་རོགས

ཁྱེད་ལ་བདེ་སྐྱིད་ལྡན་པར་སྨོན

ཁྱེད་ཀྱི་བསམ་དོན་འགྲུབ་པར་ཤོག

ཁྱེད་རང་ཕ་མ་ལ་བརྩེ་བའི་བུ་མོ་ཁྲེལ་ཡོད་ཅིག་ཆགས་པར་ཤོག

 

ངའི་དགའ་རོགས་གངས་དཀར་ལྷ་སྒྲོན་གྱིས་སྨན་ཁང་དུ་ཐར་མ་མཚོ་སྐྱེ་བར་ཉལ་ཁྲིའི་ སྟེང་ནས་ཨག་སྐད་རྒྱག་ཞོར་ཏུ་བསྡད་ཡོད་ལ། ང་རང་གི་ལས་ཀ་གྲོལ་ནས་སྨན་ཁང་དུ་འབྱོར་ནས་ཁོ་མོ་དྲགས་སྐྱེད་ཡོང་བར་སྒུག་ནས་ བསྡད་ཡོད་སྐབས་སུ་གོང་གི་སྙན་ངག་འདི་རང་གི་བུ་མོ་ཐར་མ་མཚོ་མི་ཡུལ་ཏུ་ཡོང་ རྒྱུར་རེ་སྐུལ་བྱས་པ་དང་ཁ་གཡང་བོས་པ་ཞིག་ཡིན།

 

༢།༨།༠༩ཞོགས་པ་ཆུ་ཚོད་གཉིས་དང་སྐར་མ་ལྔ་བཅུ་ལྔ་ལྔའི་སྟེང་དུ་ཐར་མ་མཚོ་ཨག་ རིང་ཞིག་དང་ལྷན་ཏུ་མི་ཡུལ་འདིར་སླེབས་སོང་ལ། ངས་ཀྱང་རང་ཉིད་ནི་འཇིག་རྟེན་འདི་ནས་བུ་མོ་ཐར་མ་མཚོའི་ཕ་རྒན་ཆགས་པ་ཤེས་སོང་ ལ་རང་གི་དགའ་མས་ཀྱང་ན་ཟུག་ཡོད་ཚད་སྐད་ཅིག་དུ་བརྗེད་དེ་བུ་མོ་ཁྲག་དང་གཤང་ ཆུའི་འདྲེས་མའི་ཁྲོད་ནས་ཡར་བླངས་པ་དེ་རང་གི་བྲང་ཁར་སྤྱར་ནས་སྙིང་རྗེ་བ་ལ་ང་ ཡི་བུ་མོ་ཆུང་ཆུང་ཟེར་ནས་འཛུམ་མདངས་ལྷད་མེད་ཅིག་སྟོན་བཞིན་འདུག ང་ནི་རང་གི་དགའ་མའི་ན་ཟུག་ལ་བསམ་བློ་གཏོང་ཞོར་དང་རང་གི་བུ་མོ་ཐར་མ་མཚོའི་ ལུས་སྟེང་གི་ཁྲག་དང་གཤང་ཆུ་དེ་ཚོ་ལ་བལྟ་ཞོར་ཏུ་རང་དབང་མེད་པར་སེམས་ནང་དུ་ སྐྱོ་སྣང་ཅིག་རང་དབང་མེད་པར་སྐྱེ་སོང་། དེ་ནི་མི་ཟེར་བ་འདིས་སྐྱེ་རྒ་ན་འཆིའི་བརྒྱུད་རིམ་ལ་བསམ་བློ་ཞིག་བཏང་བས་ཡིན་ པ་འདྲ། གང་ལྟར། རང་གི་བུ་མོ་ཐར་མ་མཚོ། མི་ཡུལ་འདིར་སླེབས་པ་ལ་རྟེན་འབྲེལ་མཚོན་བྱེད་དུ་སྙན་ངག་འདི་བྲིས་དེ་སྤུན་ ཟླ་དག་ལ་ཕུལ་བ་ཡིན།