Skip to content
དེ་ཉིན་འཛིན་བཟུང་བྱས་ཏེ་སྐྱབས་ཆེ་དགོན་ནས་ཕྱི་ཟླ་ ༧ ཚེས་ ༢ ཉིན་འཇོ་མདའ་རྫོང་དུ་ཁྲིད་པའི་རང་ལོ་ ༤༦ ཅན་རྒྱལ་མཚན་ཚང་བྱམས་པ་ནང་མི་ ༡༢ ཡོད་མཁན་དང༌། རང་ལོ་ ༥༦ ཅན་བུ་ལྷུག་ནང་མི་ ༨ ཡོད་མཁན། རང་ལོ་ ༤༠ ཅན་དམུ་ཚ་ཚང་ཚེ་བརྟན་ནང་མི་ ༩ ཡོད་མཁན་རྣམས་འཇོ་མདའ་རྫོང་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་ཁོངས་ནས་ཕྱི་ཟླ་ ༨ ཚེས་ ༤ ཉིན་བྱམས་པ་དང་བུ་ལྷུག ཚེ་བརྟན་གསུམ་ཆབ་མདོར་ཁྲིད་དེ་དུས་བཀག་བཙོན་འཇུག་ལོ་གཉིས་རེའི་ཁྲིམས་ཐག་བཅད་ཡོད་འདུག་ཀྱང་ཁོང་རྣམས་ལ་ཉེས་འཛུགས་ག་རེ་བྱས་ཡོད་མེད་སྐོར་ཁ་གསལ་ཅི་ཡང་ཤེས་རྟོགས་ཐུབ་ཡོད་མི་འདུག ཨ་ཤག་ཚང་ནོར་ལྷ་དང་མགོན་པོ་དར་རྒྱས་གཉིས་སྔོན་མ་ནས་གཏེ་བོ་ཡིན་ཚུལ་བཤད་ཡོད་ཀྱང་ད་ལྟ་མུ་མཐུད་ནས་འཇོ་མདར་བཀག་ཉར་བྱེད་བཞིན་པ་ལས་ཁྲིམས་ཐག་བཅད་ཡོད་གནས་མི་འདུག
གཞན་ཡང་འཇོ་མདའ་ས་གནས་ཀྱི་ཞིང་པ་རྣམས་ཀྱིས་ད་ལོ་ཞིང་ལས་མ་བྱས་པའི་གནས་ཚུལ་ཡོངས་གྲགས་ལྟར་དང༌། ཟླ་ཤས་སྔོན་རྒྱ་གཞུང་འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་འབྲོག་པ་རྣམས་ལ་ད་ལོ་ཤ་རྩ་བ་ནས་ཆད་མི་ཆོག་སྐོར་བཤད་སྐབས་འབྲོག་མི་རྣམས་ཀྱིས་ང་ཚོ་ནང་ཆོས་ཀྱི་ལམ་སྲོལ་ལྟར་ན་མི་ཤི་རྐྱེན་ཆག་བྱུང་སྐབས་སྒོ་བཤས་སྤང་བ་ཡིན་ཚེ་ཕན་ཡོན་དང་དགེ་རྩ་ཆེན་པོ་ཡོད་པས་ན་ནིང་བོད་མི་མང་པོ་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་དགེ་རྩའི་ཆེད་ད་ལོ་སྒོ་བཤས་སྤང་འཆར་ཡོད་སྐོར་བཤད་ཡོད་འདུག་པ་དང༌། དེང་སྐབས་འབྲོག་པ་རྣམས་ཀྱིས་ཀྱང་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཟོག་ལུག་གཅིག་ཀྱང་བཤས་ལ་མ་ཕབ་བར་བརྟེན་འཇོ་མདའ་རྫོང་ཐོག་ཏུ་ཤ་ཉོ་ཚོང་གང་ཡང་བྱ་རྒྱུ་མེད་པ་ཆགས་ཡོད་འདུག་པ་བཅས།།
བོད་ཀྱི་བང་ཆེན།