ངའི་སེམས་ནང་གི་བཀའ་ཁྲི་འོས་ཤོས་བློ་བཟང་སེང་གེ།

སྤྱིར་གོང་དུ་འོས་གཞིར་བཀོད་པ་དེ་དག་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ནང་ནས་མི་ཡག་ཤོས་རྐྱང་པ་ཡིན་པ་དང༌། སུས་བཀའ་ཁྲི་གནང་ཡང་མ་འགྲིག་པ་མེད་པ་ཞིག་ཏུ་མཐོང་གི་ཡོད། འོན་ཀྱང་ངས་ངོས་ནས་སྐབས་བཅུ་བཞི་པའི་བཀའ་བློན་ཁྲི་པ་དང༌། མི་མང་གིས་ཐད་ཀར་འོས་འདེམས་བྱ་རྒྱུའི་བཀའ་ཁྲི་སྐབས་གསུམ་པར་འོས་ཤོས་དེ་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་ལགས་མཐོང་གི་ཡོད། རྒྱུ་མཚན་དང་གནས་ལུགས་རིམ་བཞིན་གཤམ་དུ་ངོ་སྤྲོད་བྱེད་རྒྱུ་ཡིན།

 

བློ་བཟང་སེང་གེ་ནི་རྒྱལ་སྤྱིའི་འགྲོ་ལུགས་སྤྱི་དང་ལྷག་པར་ཁྲིམས་ལུགས་ལ་མཁས་པ་དང༌། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འཚར་ལོང་བྱུང་ཞིང་དབུས་དང་ས་གནས་ཀྱི་གཞོན་ནུའི་རྒྱུན་ལས་སོགས་ལས་དོན་མང་པོའི་འགན་ཁུར་གནང་མྱོང་བ། བཙན་བྱོལ་སྤྱི་ཚོགས་ཀྱི་ནང་ཁུལ་དགོས་མེད་སྲིད་དོན་འཁྲབ་སྟོན་རིགས་ལ་ཐེ་བྱུས་མི་བྱེད་པར་རང་བཞིན་གྱིས་དྲང་ཚུགས་ཆེ་བ། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྐྱེས་ཤིང་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཤེས་ཡོན་ཅན་ཞིག་ཡིན་པ་དང༌། ཁོང་ནི་ཨ་རིའི་ཧར་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་རིག་པའི་འབུམ་རམས་པ་ཆེན་མོ་ཞིག་ཡིན་པ་དང༌། ལོ་སྔོན་མའི་ནང་ཨ་རིའི་རྒྱལ་ཡོངས་འོས་བསྡུའི་ནང་མང་མོས་འདེམས་ཐོན་བྱུང་བའི་སྲིད་འཛིན་བྷ་རག་ཨོ་བྷ་མ་དང་མཐོ་སློབ་གཅིག་དང༌། སློབ་ཚན་གཅིག སློབ་ཐོན་ཕྱག་འཁྱེར་གཅིག་མཚུངས་བསྣམས་པའི་བོད་མི་གཅིག་པུ་དེ་ཡིན་ལ། གཏམ་བཤད་ཀྱི་ཐོག་ནས་ཡིད་སེམས་འགུག་ཐུབ་པ་སོགས་ཁོང་གཉིས་ལ་གཅིག་མཚུངས་སུ་ཡོད་ཅིང༌། གཞན་ལ་མེད་པའི་འབུར་ཐོན་གྱི་ཁྱད་ཆོས་མང་པོ་ཡོད། སྟོབས་ཆེན་ཨ་རིའི་རྒྱལ་ཁབ་ཀྱི་སྲིད་འཛིན་ཨོ་བྷ་མས་བྱེད་ཐུབ་ས་ནས། བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེས་བྱེད་མི་ཐུབ་པའི་རྒྱུ་མཚན་སྣ་གཅིག་བགྲང་རྒྱུ་མེད།

 

དམིགས་བསལ་ཞིག་ལ་ཁོང་གཞུང་ཞབས་པའི་ནང་དུ་ཕྱག་ལས་གནང་མྱོང་མེད་པ་འདིའང་ངའི་ལྟ་སྟངས་ལྟར་བྱས་ན་ལས་དོན་ཆེན་པོ་བསྒྲུབ་པའི་སྐབས་ཧ་ཅང་གལ་ཆེ་བར་སྣང༌། གཞུང་ཞབས་ལས་བྱེད་པ་ཞིག་ཡིན་ན། སྒྲོམ་གཞི་ཞིག་གི་འོག་ནས་འགྲོ་དགོས་པ་དང༌། ལས་དོན་གསར་པ་ཞིག་བསྒྲུབ་པའི་སྐབས་རེ་བ་ཆེན་པོ་ཞིག་དང་དོགས་པ་ཞིག་མཉམ་གཅིག་ཏུ་མེད་པ་མི་སྲིད་པས། གཞུང་ཞབས་རྒྱུན་རིང་གནང་མྱོང་མཁན་ཞིག་ལ་མཚོན་ན་གྲུབ་འབྲས་ལ་རྩོད་ལེན་བྱེད་རྒྱུ་ལས། ཉེན་ཁ་ཆུང་ཙག་རིགས་འཕྲད་པར་ཞེད་སྣང་སྐྱེས་ནས་བཞུགས་རྒྱུའི་གོམས་གཤིས་ཆེན་པོ་ཡོད་པས། བོད་གཞུང་གི་འཛིན་སྐྱོང་དང་གནས་སྟངས་ལ་རྒྱུས་མངའ་ཡོད་ཀྱང་འགུལ་བསྐྱོད་ཆེན་པོ་རྒྱག་རྒྱུའི་སྤོབས་པ་མེད་པས་གྲུབ་འབྲས་ཆེན་པོ་ཐོན་རྒྱུ་ཧ་ཅང་དཀའ་བར་མཐོང༌།

 

བཀའ་ཁྲིའི་འོས་གཞིའི་ནང་དུ་བཀོད་པའི་བཀའ་ཟུར་གཉིས་ལ་མཚོན་ནའང་བཀའ་ཁྲི་ཟུར་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་བཀའ་བློན་དང་བཀའ་བློན་ཁྲི་པ་ཡང་གནང་མྱོང་བ་དང༌། དེའི་སྐབས་ལས་ལྷག་པར་ད་ལྟའི་ཆར་དམིགས་བསལ་གྲུབ་འབྲས་ཆེན་པོ་ཞིག་ཐོན་ཐུབ་མིན་བཤད་དཀའ་བ་ཞིག་ཡིན་པ་དང༌། སྔོན་མ་བཀའ་བློན་གནང་བཞིན་པའི་སྐབས་ཀྱང་གློ་བུར་དུ་དགོངས་པ་ཞུས་པ་སོགས་བསྐྱར་དུ་བཀའ་ཁྲིར་འདེམས་ནས་ཕན་ནུས་ཆེན་པོ་ཡོད་པ་ཞིག་ཏུ་མཐོང་དཀའ།

 

བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་ལ་མཚོན་ནའང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ནས་བཀའ་བློན་རྒྱུན་རིང་ཤོས་གནང་མཁན་དེ་ཡིན་པ་དང༌། བཀའ་བློན་གནང་བའི་རིང་ནོར་འཁྲུལ་ཤོར་བའི་ལོ་རྒྱུས་གཏན་ནས་མེད་ཀྱང༌། དམིགས་བསལ་གྱི་གྲུབ་འབྲས་ཐོན་པའི་ལོ་རྒྱུས་ཀྱང་མེད། གོང་དུ་བཀའ་ཟུར་གཉིས་ཀྱི་སྐོར་ལ་ངས་འགྲེལ་བཤད་བརྒྱབ་པ་ཁོང་གཉིས་ལ་གུས་བཀུར་མེད་པ་གཏན་ནས་མིན་ཡང༌། སྔོན་མ་མང་པོ་གནང་མྱོང་བ་ལས་ལྷག་ཅིག་ད་ལྟ་གནང་རྒྱུ་མེད་པ་དངོས་ཡོད་གནས་ཚུལ་ཡིན་པས་འོས་བབས་མེད་ཚུལ་བརྗོད་པ་ཡིན།

 

དེ་ལས་བློ་བཟང་སེང་གེ་བདམ་ན་བཙན་བྱོལ་དུ་སྐྱེས་པའི་ནང་ནས་བཀའ་ཁྲི་དང་པོ་དེ་ཆགས་པ་དང༌། མི་རབས་གསར་པའི་འཇོན་ཐང་དང་ནུས་པའང་མཐོང་ཐུབ། མི་རབས་གསར་པར་གོ་སྐབས་སྤྲད་ནས་མ་འོངས་པར་རང་གི་རྐང་པའི་སྒང་དུ་རང་ཉིད་ལངས་ཐུབ་ པ་ཞིག་སྐྱེད་སྲིང་ཡོང་ཐབས་བྱེད་དགོས། ༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་འདིར་བཀའ་ཁྲི་མི་རབས་གསར་པ་ཞིག་སླེབས་ཐུབ་ན་ལམ་སྟོན་གནང་མཁན་ཡོད་པས་དཀའ་ངལ་ཆེན་པོ་འཕྲད་མི་སྲིད་ལ། ད་ལྟའི་ཆར་བློ་བཟང་སེང་གེ་ལྟ་བུའི་མི་རབས་གསར་པ་ཤེས་ཡོན་ཅན་འདེམས་མ་ཐུབ་ན་རྗེས་མ་ལམ་སྟོན་དང༌། རོགས་མགོན་མཛད་མཁན་མེད་པའི་ཚེ་མི་རབས་གསར་པས་སྣེ་ཁྲིད་བྱེད་རྒྱུར་དཀའ་ངལ་ངེས་པར་དུ་འཕྲད་ངེས་ཡིན། ང་ཚོས་མི་རྒན་རྙིང་པ་རྐྱང་རྐྱང་ལས་བཀའ་ཁྲིའི་འོས་གཞིར་གཞན་བསམ་བློ་འཁོར་ས་མེད་ན་མ་འོངས་པར་བཀའ་ཟུར་རྣམ་པ་མ་བཞུགས་པའི་སྐབས་བཀའ་ཁྲི་འོས་འདེམས་མཚམས་འཇོག་བྱེད་དགོས་བྱུང་བ་ལྟ་བུ་མིན་ནམ།

 

ཁག་ཅིག་གིས་བློ་བཟང་སེང་གེ་ལ་མཚོན་ན་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་ལ་ཉམས་མྱོང་མེད་པས་བཀའ་ཁྲི་ཡོང་ཐབས་མེད་ཚུལ་བརྗོད་བཞིན་ཡོད་ཀྱང༌། ལས་ཁུངས་ཆེ་ཁག་བདུན་གྱི་བཀའ་བློན་རྣམས་ལས་ཁུངས་སོ་སོའི་འཛིན་སྐྱོང་དང་ལས་དོན་ལ་རྒྱུས་མངའ་ཡོད་པ་འབའ་ཞིག་བསྐོས་ན་བཀའ་ཁྲི་ལ་དེ་ཙམ་གྱི་དཀའ་ངལ་གང་ཡང་འཕྲད་མི་སྲིད། ཆེ་ས་ནས་ཆབ་སྲིད་དང༌། ཕྱིའི་རྒྱལ་ཁབ་ཁག་ལ་འབྲེལ་ལམ་སོགས་ལ་ལྟ་རྟོག་བྱེད་ཐུབ་ན་ཉིན་རེའི་འཛིན་སྐྱོང་གི་སྐོར་ལ་འབུམ་རམས་པས་ཀླད་པས་མི་འདེང་བའི་དཀའ་གནད་ཆེན་པོ་ཞིག་གང་ཡང་མེད། ད་དུང་ཉམས་མྱོང་མེད་ཚུལ་རྐྱང་པ་བཤད་ནས་མི་རབས་གསར་པར་གོ་སྐབས་མ་སྤྲད་ན་ག་དུས་ཉམས་མྱོང་ཅན་གྱི་མི་རབས་གསར་པ་ཞིག་སླེབས་ཐུབ། མདོར་བསྡུས་ན་བཤད་ན་ད་ལྟའི་ཆར་མ་འོངས་པའི་བཀའ་ཁྲི་འོས་ཤོས་དེ་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་རང་ལས་འོས་བབས་ཡོད་པ་སུ་གཅིག་མི་འདུག་པས་དེ་ལུགས་རྒྱབ་སྐྱོར་གནང་རོགས།

 

བསམ་ཚུལ་མི་མཐུན་པ་དག་གིས་ཀྱང་འདིའི་སྐོར་ལ་བསམ་ཚུལ་བྲིས་ན་མུ་མཐུད་བགྲོ་གླེང་སྦྱང་བཤད་བྱེད་རྒྱུའི་གྲ་སྒྲིག་ཡོད།