རྒྱ་དཀར་ནག་གི་ས་མཚམས་འཐབ་རྩོད།
དེ་ཡང་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་གྲོས་མོལ་འགྲོ་བཞིན་པར་གནད་དོན་གཉིས་ཡོད་པ་དང༌། གཅིག་ནི་ཨ་རུན་ནཱ་ཅལ་མངའ་སྡེའི་ཁོངས་སུ་གཏོགས་པའི་མོན་ཡུལ་ཕྱོགས་ཀྱི་ས་ཁུལ་དང༌། གཞན་གཅིག་ནི་རྗ་མུ་ཀ་ཤི་སྨིར་མངའ་སྡེའི་ཁོངས་སུ་གཏོགས་པའི་ནུབ་རྒྱུད་ཀྱི་ས་ཁུལ་ཨག་སཱ་ཆིན་གཉིས་ཡིན་པ་རེད། རྒྱ་ནག་གཞུང་གིས་ས་ཁུལ་དེ་གཉིས་སྔོན་དུས་བོད་ཀྱི་ཆ་ཤས་ཡིན་པར་བསྙད་དེ། དེང་སྐབས་རྒྱ་གར་གཞུང་ལ་གྲོས་མོལ་གྱི་ལམ་ནས། ཕྱོགས་གཉིས་ཀས་ས་ཁུལ་དེ་གཉིས་དོན་ཕན་ལྡན་པའི་ངང་བེད་སྤྱོད་གཏོང་དགོས་པའི་སྐུལ་མ་གཏོང་བཞིན་ཡོད་པ་རེད། ཧོང་ཀོང་གི་མེང་པའོ་ཞེས་པའི་ཚགས་སྟེང་དུ་རྒྱ་དཀར་ནག་གཉིས་ཀྱི་རྩོད་གཞི་ཅན་གྱི་ལ་དྭགས་ས་ཁུལ་གྱི་ཨག་སཱ་ཆིན་གྱི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༡༢༠༠༠༠ ནས། བརྒྱ་ཆའི་༢༨ རྒྱ་ནག་ལ་སྟངས་འཛིན་བྱེད་བཅུག་ན། མོན་ཡུལ་ཕྱོགས་ཀྱི་ས་ཁུལ་རྩོད་གཞི་ཅན་དེ་དག་རྒྱ་ནག་གིས་བློས་གཏོང་རྒྱུ་ཡིན་པ་རེད་ཅེས་འཁོད་ཡོད་པར། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་མགྲིན་ཚབ་པ་གཉིས་ཀས། ཧོང་ཀོང་གི་ཚགས་པར་སྟེང་དུ་འཁོད་ཡོད་པའི་གནས་ཚུལ་དེ་ལ་གཞི་རྟེན་གང་ཡང་མེད་པའི་འཆལ་གཏམ་རེད་ཅེས་རྒོལ་གཏམ་སྤེལ་ཡོད་པ་དང༌། དེ་བཞིན་རྒྱ་དཀར་ནག་བར་གཉིས་མོས་ཀྱི་ཐོག་ནས། ཕན་ཚུན་བསམ་ཤེས་དང་དྲང་བདེན། གནས་ལུགས་ཡོད་པ། ཕྱོགས་གཉིས་ཀས་འགན་ལེན་ཡོད་པའི་ཐོག་ནས་ས་མཚམས་རྙོག་འཛིང་གི་གནད་དོན་ལ་གྲོས་མོལ་བྱེད་དགོས་པ་རེད་ཅེས་བརྗོད་ཡོད་པ་རེད། དེ་བཞིན་རྒྱ་ནག་ཕྱི་སྲིད་ཉམས་ཞིབ་པ་མཁས་དབང་མང་པོ་ཞིག་གིས། ཧོང་ཀོང་གི་ཚགས་པར་སྟེང་གི་གནས་ཚུལ་དེ་རྒྱ་གར་གྱི་གནས་བབས་གཙོ་བོར་བཟུང་ནས་བརྗོད་པ་ཤ་སྟག་རེད་ཅེས་སྐྱོན་བརྗོད་མང་པོ་བྱས་ཡོད་པ་རེད། རྒྱལ་སྤྱིའི་གསར་འགྱུར་དབྱེ་ཞིབ་པ་མང་པོ་ཞིག་གིས། ཧོང་ཀོང་གི་ཚགས་པར་སྟེང་དུ་འཁོད་ཡོད་པའི་གནས་ཚུལ་དེ། རྒྱ་ནག་ལ་ཕན་ཐོགས་པའི་བསམ་ཚུལ་ཡག་པོ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད། གང་ཡིན་ཞེས་ན། རྗ་མུ་ཀ་ཤིར་སྨིར་མངའ་སྡེའི་ཁོངས་སུ་གཏོགས་པའི་ཨག་སཱ་ཆིན་ས་ཁུལ་དེ་རྒྱ་ནག་ལ་གལ་འགངས་ཆེན་པོ་ཆགས་ཡོད་ཅིང༌། ས་ཁུལ་དེ་ཤིན་ཅང་དང་པཱ་ཀི་སི་ཐན་གྱི་ས་མཚམས་ཆགས་ཡོད་པས། དེང་སྐབས་ཤིན་ཅང་རང་བཙན་བརྩོན་མཁན་ཚོས་ས་ཁུལ་དེ་ནས། ཁ་ཆེའི་རྒྱལ་ཁབ་ཁག་དང་འབྲེལ་བ་བྱེད་བདེ་པོ་ཡོད་ཚུལ་གྱི་བསམ་ཚུལ་ཤོད་བཞིན་པ་དང༌། དེ་བཞིན་རྒྱ་ནག་གི་དཔོན་རིགས་ཚོས་གསལ་པོ་བརྗོད་མེད་པ་ལས། མོན་ཡུལ་ཕྱོགས་ཀྱི་ས་ཁུལ་དེ་དག་ལས་རྗ་མུ་ཀ་ཤིར་སྨིར་གྱི་ནུབ་རྒྱུད་ཀྱི་ས་ཁུལ་དེ་རྒྱ་ནག་ལ་གལ་འགངས་ཆེ་བ་ཡིན་ཚུལ་བརྗོད་ཡོད་པ་རེད། ཉེ་དུས་རྒྱ་གར་གཞུང་ཕྱོགས་ནས་མངའ་སྡེ་མི་འདྲ་བ་གཉིས་ཀྱི་ཁོངས་སུ་གཏོགས་པའི་ས་ཁུལ་དེ་དག རྒྱ་ནག་ལ་གདམ་ཁ་བྱེད་བཅུག་འདོད་ཡོད་པའི་བསམ་ཚུལ་དང་གསལ་བསྒྲགས་སོགས་གང་ཡང་བྱས་མེད་པ་དང༌། སྤྱིར་སྔོན་དུས་སུ་ས་ཆ་དེ་དག་བོད་ཀྱི་ཆ་ཤས་ཡིན་ནའང༌། ལོ་རྒྱུས་ལ་འཕོ་འགྱུར་ཐེབས་ནས་རྗེས་སུ་རྒྱ་གར་གྱི་མངའ་ཁོངས་རྩོད་མེད་ཆགས་ཡོད་པའི་དཔང་རྟགས་མང་པོ་ཞིག་ཡོད་ནའང༌། རྒྱ་ནག་གི་དམག་དོན་སྟོབས་ཤུགས་དང་མི་སེར་སྤེལ་ཡུལ་གྱི་སྲིད་ཇུས་གཅིག་མཇུག་གཉིས་མཐུད་བྱེད་བཞིན་ཡོད་པས། ས་མཚམས་འཐབ་རྩོད་དེ་ནི་རྒྱ་གར་གཞུང་ལ་དེང་སྐབས་དཀའ་ངལ་ཆེ་ཤོས་ཀྱི་གནད་དོན་ཆགས་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།།