ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ།
དེར་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་གིས། སྔོན་མ་རྒྱ་མིས་བོད་ཀྱི་རིག་གཞུང་དེ་ཉི་མ་ཁ་ཤས་ནང་དུ་རྩ་མེད་བཟོ་རྒྱུའི་འཆར་གཞི་བཏིང་ནས་བཀའ་བསྟན་འགྱུར་རྣམས་མེ་ལ་བསྲེགས་པ་སོགས་བྱས་པ་རེད། ད་སྐབས་དེ་འདྲ་བྱས་ནས་རྩ་མེད་བཟོ་ཐུབ་ཀྱི་མེད་པ་ཧ་གོ་ནས་ཚུར་བོད་ཀྱི་ལུགས་སྲོལ་དང་བསྟུན་ནས་འགྲོ་དགོས་པ་ཞིག་རང་བཞིན་གྱིས་ཆགས་ཀྱི་ཡོད་རེད། ཟློས་གར་ཚོགས་པ་རང་གིས་འགན་ཁུར་ཐོག་ནས། བོད་ཀྱི་ཟློས་གར་ལ་ལྷད་མེད་པར་རྒྱུན་འཛིན་གནང་བ་དེ་རྒྱ་མིས་ལྷད་བཅུག་ས་མེད་པར་བཟོས་པ་ལྟ་བུ་ཞིག་ཆགས་ཡོད་པ་རེད། སྤྱིར་བོད་པ་རྣམས་ཨ་རིའི་ཌོ་ལར་ལྗང་ཁུ་དེས་འདུག་མི་འཇུག་པ་ཟེར་ནའང་འདྲ། སེམས་མི་སྐྱིད་པ་བཟོ་མཁན་དེ་རེད། གཞུང་ཞབས་མི་སྣ་དང་ཚོགས་པ་ཁག་གི་མི་མང་པོ་ཕྱི་རྒྱལ་ལ་འཕུལ་འགྲོ་བའི་དཀའ་ངལ་ཞིག་ཡོད་པ་རེད། ཟློས་གར་ཚོགས་པ་ལའང་དེའི་དཀའ་ངལ་ཡོད་ཀྱི་རེད། འོན་ཀྱང་བྱ་བ་ཆེན་པོ་ཞིག་སྒྲུབ་དུས་བྱ་བ་ཆུང་ཆུང་ལ་མགོ་འཁོར་བསྡད་ན་ཡོང་གི་མ་རེད། ངེས་པར་དུ་མ་འོངས་པར་མུ་མཐུད་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན་ཞེས་སོགས་བླང་དོར་གསུང་བཤད་གནང་སོང།
བོད་གཞུང་ཟློས་གར་ཚོགས་པ་དང་པོ་བཙུགས་པའི་སྐོར་ཟློས་གར་ཚོགས་པའི་འགན་འཛིན་གྱིས་གསུང་དོན། སྐབས་དེ་དུས་དང་ད་ལྟ་བསྡུར་བ་ཡིན་ན་མཐུན་རྐྱེན་གྱི་ཆ་ནས་གནམ་སའི་ཁྱད་པར་ཡོད་ནའང། སྐབས་དེར་བཀའ་ཤོད་བར་མཚོ་རྡོ་རྗེ་དོན་གྲུབ་དང། རྩེ་དྲུང་སྐལ་བཟང་ཀུན་དགའ། ཤོད་དྲུང་སྤྱི་ལྕགས་རྡོ་རྗེ། ཕྱག་ནང་ལྷ་དབང་ཚེ་རིང། ནོར་ནང་ངག་དབང་ནོར་བུ། རྨ་བྱ་ངག་དབང་མཐུ་སྟོབས་བཅས་གཞུང་ཞབས་རྙིང་པ་རྣམས་ཀྱི་སྐུ་ངལ་འཛེམས་མེད་ཀྱིས་འགོ་འཛུགས་གནང་བ་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་ཆེས་ཐོག་མའི་ལོ་རྒྱུས་གལ་ཆེན་པོ་ཞིག་ཡིན་ཞེས་དང། ཚོགས་པ་འདི་བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྗེས་ཀྱི་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་འབྲེལ་བའི་ཚོགས་པ་སྔ་ཤོས་ཡིན་པ་མ་ཟད། རྒྱལ་སྤྱིའི་ཐོག་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གཞུང་དང། བོད་མི་རིགས་ཀྱི་ངོ་བོ་གསལ་སྟོན་བྱེད་མཁན་གྱི་སྒྲིག་འཛུགས་གལ་ཆེན་ཞིག་ཡིན་ཞེས་དང། མུ་མཐུད་གསུང་དོན། ཚོགས་པ་འདིས་ད་བར་མི་གྲངས་༤༨༣ ལ་བོད་ཀྱི་ཐུན་མིན་སྒྱུ་རྩལ་རིག་གཞུང་གི་སྦྱོང་བརྡར་ཕུལ་བ་དང། ཟློས་དགེ་གྲངས་༡༡༠ ཐོན་ཡོད། ད་ལྟ་རྒྱ་བལ་འབྲུག་གསུམ་གྱི་སློབ་གྲྭ་༨༡ ནང་ཟློས་དགེ་ཚང་མ་འདི་ནས་ཐོན་པའམ། དགེ་རྒན་འོས་སྦྱོང་ཕུལ་བ་ཤ་སྟག་རེད། ད་ལྟའི་ཆར་འཁྲབ་སྟོན་ཟློས་དགེ་ལྔ་དང། འཁྲབ་སྟོན་པ་རྒན་གཞོན་བསྡོམས་ལྔ་བཅུ། ལས་བྱེད་བཅུ་དགུ། བགྲེས་ཡོལ་སོང་བ་གསུམ། འཁྲབ་སྟོན་དང་འབྲེལ་བའི་བཟོ་ལས་བྱེད་མཁན་བཅུ་གསུམ་བཅས་བསྡོམས་ཚོགས་མི་གྲངས་དགུ་བཅུ་ཡོད་ཅེས་དང། ཟློས་གར་ཚོགས་པ་འདི་ཕྱི་རྒྱལ་གྱི་ཟློས་གར་ཚོགས་པ་དང་མི་འདྲ་བར་ྋགོང་ས་མཆོག་དང་བོད་གཞུང་གི་ལམ་སྟོན་འོག་རང་ཁ་རང་གསོ་བྱས་ནས་ལོ་ལྔ་བཅུ་འགྲོ་ཡི་ཡོད་པ་དང། ཟློས་དགེ་རྣམས་ཕྱི་ནས་གདན་འདྲེན་ཞུ་མི་དགོས་པར་འདི་ནས་བསྐྱེད་སྲིང་གིས་སློབ་ཁྲིད་བྱེད་ཀྱི་ཡོད་པ་ནི་གཞན་ལ་མེད་པའི་ཁྱད་ཆོས་ཤིག་ཡིན་ཞེས་སོགས་ཚོགས་པ་ངོ་སྤྲོད་ཞིབ་ཕྲ་གནང་ཡོད་པ་རེད།
སྤྱིར་ཟློས་གར་ཚོགས་པ་ཐོག་མར་ཀ་ལོན་སྦུག་ཏུ་ཕྱི་ལོ་༡༩༥༩ ཟླ་༨ ཚེས་༡༡ ལ་བཙུགས་པ་དང། ཕྱི་ལོ་༡༩༦༡ ལོར་ཟློས་གར་གྱི་སྡེ་ཚན་ཆིག་སྒྲིལ་ཡོང་ཆེད་དྷ་སར་སྤོས་པ་ཞིག་ཡིན་པ་རེད། ད་སྐབས་བོད་ཆོལ་ཁ་གསུམ་གྱི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་བྱེད་ཐུབ་པ་མ་ཟད། ལྷ་མོའི་འཁྲབ་གཞུང་ཁག་ཆ་ཚང་དང། སྔར་མེད་པའི་ལྷ་མོའི་འཁྲབ་གཞུང་མི་ལ་རས་པའི་རྣམ་ཐར་དང། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར། གྲུབ་ཐོབ་ལྕགས་ཟམ་པའི་རྣམ་ཐར་སོགས་གསར་རྩོམ་གྱིས་འཁྲབ་སྟོན་བྱེད་ཐུབ་ཀྱི་ཡོད་པ་རེད།།
