རྒྱ་མི་ལ་སྐྲག་དགོས་དོན་མེད། བདེན་པའི་འཐབ་རྩོད་ཡིན།
ཁོང་གི་གསུང་དོན། ཕྱི་ལོ་༢༠༠༨ ཟླ་༣ ཚེས་༡༤ ཉིན་ངའི་རོགས་པ་ཁ་ཤས་དང་མཉམ་དུ་སྔ་དྲོའི་ཆུ་ཚོད་༡༡ ཙམ་ལ་བར་སྐོར་ནང་དང། ཀླུ་སྦུག་ཕྱོགས་སུ་བོད་རང་བཙན་དགོས་ཞེས་སྐད་འབོད་བརྒྱབ་ནས་ཕྱིན་སྐབས་རྒྱ་མིའི་ལྕགས་ཁྲབ་འཁོར་ལོ་ཅན་གྱི་རླངས་འཁོར་ནང་ནས་མེ་མདའ་བརྒྱབ་པས། ངའི་རོགས་པ་བློ་བཟང་དབང་འདུས་ཟེར་བའི་བུ་གཅིག་ཡོད། ཁོང་འདམ་གཞུང་ནས་རེད། རྒྱ་མིས་མེ་མདའ་བརྒྱབ་ནས་མིག་གི་མདུན་རང་དུ་བསད་སོང། བུ་གཞན་པ་ཞིག་ཀྱང་བསད་སོང། ད་དུང་གཞིས་ཀ་རྩེ་ནས་རེད་ཟེར་བའི་བུ་མོ་ལོ་ཆུང་ཆུང་ཞིག་བསད་འདུག བུ་གཞན་ཞིག་གི་ཨམ་མཆོག་ལ་མེ་མདའ་ཕོག་ནས་དྲན་པ་འཐོར་འདུག དེ་ང་ཚོས་སྒལ་པར་ཁུར་ནས་སྨན་ཁང་དུ་བསྐྱལ་བ་ཡིན། ད་དུང་ཨ་ཅག་གཅིག་གི་རྐང་པར་མེ་མདའ་བརྒྱབ་ནས་རྨས་འདུག དེ་ཡང་སྨན་རྩིས་ཁང་དུ་བསྐྱལ་བ་ཡིན། སྨན་བཅོས་བྱེད་རོགས་གྱིས་ཞུས་པ་ཡིན་ཏེ། བོད་མི་ལ་སྨན་བཅོས་བྱེད་ཀྱི་མི་འདུག རྒྱ་མི་ལ་རྨ་ཏོག་ཙམ་ཡོད་ཀྱང་སྨན་བཅོས་བྱེད་ཀྱི་འདུག དེ་ནས་ང་ཚོས་ཚོང་ཁང་དེ་འདྲའི་ནང་དུ་སྨན་རག་ཐབས་བྱས་ནས་སྤྲད་པ་ཡིན།
ཡང་ཕྱི་ཟླ་༣ ཚེས་༡༩ ཉིན། ཞོགས་པ་ཆུ་ཚོད་༡༡ ཙམ་ལ་ཕྱི་ལོག་ཏུ་འགྲོ་སྐབས་དམག་མིས་ལམ་སང་བཟུང་ནས། བར་སྐོར་ཉེན་རྟོག་ལས་ཁང་ནང་བཅུག་ནས་ཉིན་ལྔ་ཙམ་རིང་འདྲི་རྩད་བྱས་སོང་མོད། ངོ་རྒོལ་ལས་འགུལ་ནང་ཕྱིན་པ་ཁས་རྩ་བ་ནས་བླངས་མེད། དེ་ནས་ཁོང་ཚོས་ལྷ་སར་སྡོད་ཟེར་ནས་མར་གློད་སོང། རྗེས་སུ་ཁོ་ཚོས་ངའི་ཨ་མའི་རྐང་པ་ཐང་ཐང་མེད་པ་ཧ་གོ་ནས་ཡང་བསྐྱར་བཟུང་ནས་ཁྱེད་ཚོ་ངོ་རྒོལ་ལས་འགུལ་ནང་ཕྱིན་འདུག་ཟེར་ནས་སེ་རར་ཡོད་པའི་ཉེན་རྟོག་ལས་ཁང་ནང་བཞག་ནས་ཡིག་ཆ་ཚང་མ་བསྔོགས། ཉེས་རྡུང་བཏང་བྱུང། ཡང་དགོང་མོ་གློད་ནས་སང་ཉིན་གང་དུའང་འགྲོ་ཆོག་གི་མ་རེད་ཟེར། དེ་ནས་ཕྱི་ཟླ་༥ པའི་ཚེས་༢༠ ནང་གི་ཞོགས་པ་ཞིག་ལ་ཡང་བསྐྱར་འཛིན་བཟུང་བྱས་ཏེ་ཁྱེད་ཚོ་སྐད་འབོད་ལ་ཕྱིན་འདུག་ཟེར་ནས་ལྷ་ས་གྲོང་ཁྱེར་གྱི་བཙོན་ཁང་དུ་ཞག་མ་༡༣ རིང་འདྲི་རྩད་དང་ཉེས་རྡུང་བཏང་ནས་བཞག་བྱུང་། ཉིན་བཅུ་གསུམ་པའི་དགོང་མོ་ཆུ་ཚོད་བརྒྱད་པ་ཙམ་ལ་གསང་སྤྱོད་ལ་ཁྱུག་ཙམ་གཏོང་གི་འདུག དེའི་སྐབས་ང་སྒེའུ་ཁུང་ནས་བྲོས་ཕྱིན་པ་དང། ཕ་ཡུལ་ཕྱོགས་སུ་སོང་ནས་ཡིབ་བསྡད་པ་ཡིན། དེ་རྗེས་ཡང་བསྐྱར་ལྷ་སར་ཡོང་ནས་རྒྱ་གར་དུ་བྲོས་ཡོང་བ་ཡིན། ལམ་ཁར་འཁྲིད་གླ་རྒྱ་སྒོར་༩༠༠༠ སྤྲད་པ་ཡིན། ལྷ་ས་སྦྲ་ནག་ཞོོལ་སོགས་ལ་ང་འཛིན་བཟུང་བྱེད་རྒྱུའི་རྩ་ཚིག་དང་འདྲ་པར་སྦྱར་འདུག ད་དུང་བྲག་གཡབ་ནས་ཡིན་པའི་མི་ཞིག་ཀྱང་ངའི་རྗེས་སུ་བྲོས་ཡོང་བ་དེའི་པར་ཡང་སྦྱར་འདུག
སྤྱིར་བཙོན་ཁང་ནང་དུ་མེ་མདའི་ཡུ་བས་གཞུ་བ་དང། གློག་རྒྱུག་སོགས་ལག་ཏུ་གང་ཐེབས་ཀྱིས་ཉེས་རྡུང་བཏང་བྱུང། འོན་ཀྱང་ངས་ཁས་ལེན་བྱས་མེད། ངའི་གཅེན་པོ་དང་ཨ་ཕ་གཉིས་ལ་གནོད་པ་སྐྱེལ་གྱི་རེད་བསམ་བྱུང། དེ་མ་གཏོགས་རྒྱ་མི་ལ་སྐྲག་དགོས་དོན་གང་ཡང་མེད། བདེན་པའི་འཐབ་རྩོད་ཡིན། བོད་མི་ས་ཡ་དྲུག་གི་དོན་དུ་ཡིན། ངའི་མིག་གིས་མཐོང་སར་རོགས་པ་བསད་པ་དེ་ཚོའང་དེ་འདྲ་རེད། ངའི་གཅེན་པོ་ཟླ་བ་རྡོ་རྗེ་གྲྭ་པ་རེད། ལོ་ཤས་སྔོན་དུ་རོགས་པ་གྲྭ་པ་ལྔ་དང་མཉམ་དུ་རྫོང་ཐོག་ནས་སྐད་འབོད་བརྒྱབ་པས་བཙོན་ལ་བཅུག་ནས་ལོ་བཞིའི་རྗེས་སུ་དྲན་ཤེས་བརྟན་པོ་མེད་པ་དང། ཕྲག་པ་དང་མཁལ་མ་སོགས་སྐྱོན་ཅན་ཆགས་རྗེས་གློད་གྲོལ་བཏང་བ་རེད། རོགས་པ་དམ་ཆོས་ཟེར་བ་ཞིག་ཡར་བཅུག་དུས་ནད་གང་ཡང་ཡོད་མ་རེད། གློད་གྲོལ་བཏང་ནས་ལོ་གཅིག་མ་སོང་གོང་ནས་ཉེས་རྡུང་བཏང་རྐྱེན་གྱིས་གྲོངས་པ་རེད། ངའི་ཨ་ཕ་བསྟན་འཛིན་འཕྲིན་ལས། སྔོན་མ་ཕ་ཡུལ་དུ་གྲོང་ཚོའི་མགོ་ཁྲིད་རེད། རྒྱ་མིས་ཏཱ་ལའི་ཁ་བྲལ་རིང་ལུགས་ལ་དགག་པ་རྒྱག་དགོས་ཚུལ་བཤད་ཀྱང། ངའི་ཨ་ཕས་བསད་ཀྱང་དགག་པ་རྒྱག་གི་མིན་ཞེས་བཤད་པར་བརྟེན། བཙོན་ཁང་དུ་བཅུག་པ་རེད། དེ་རྗེས་བཙོན་ཁང་ནས་གློད་སྐབས་སྔོན་མའི་ལས་གནས་ཆ་ཚང་མེད་པ་བཟོས་པ་རེད་ཅེས་འགྲེལ་བརྗོད་བྱས་བྱུང།།
