སེམས་པ་བཞུར་བའི་འཕྲིན།


གནའ་ཡང་ཁྱོད་ང་ཟེར་བཞིན་ཕྱོགས་རུས་བྱས།།
ད་ཡང་དེ་འདྲའི་རིགས་ལ་འབད་བསྡད་ན།།
ཕྱིས་འགྱོད་འབྱུང་སྲིད་བྱ་དངོས་གང་ལ་ཡང་།།
ཁེ་ཕན་མེད་པ་རིགས་རུས་སྤུན་ཟླ་ལགས།

བུ་མོ་གནས་ལ་བཙན་གྱིས་བརྫངས་རབས་བཤད།།
བུ་ལོ་སློབ་གྲྭའི་བསྐལ་བ་མ་བྱུང་ཟེར།།
གླེང་མོལ་དེ་དག་ད་ལྟའི་བར་དུ་བྱས།།
དེ་འདྲ་དེ་ཡི་ནམ་ཕུག་ཟིན་མི་ཡོང་།།

གྲྭ་བའི་སྐྱ་བོ་ཟེར་ནས་ཁ་ཚིག་འཕེན།།
སྐྱ་བོའི་གྲྭ་བ་ཟེར་ནས་ལོག་འདེབས་བྱེད།།
ལོ་ངོ་བརྒྱ་ཕྲག་འགའ་ཡི་བཤད་ལུགས་འདི།།
བོད་པ་སྤྱི་ཡི་དགེ་ཕན་ཡོད་རེ་མེད།།

བུ་མོས་བུ་ལ་ཁྲེལ་གཞུང་མེད་རབས་འདོད།།
བུ་ལོས་བུ་མོ་ནང་གི་གཡོག་མར་བསམ།།
བསམ་ཤེས་མེད་པའི་བསམ་བློ་ངན་པ་འདི།།
མཛའ་གཅིག་བརྩེ་བའི་བཅིངས་ཐག་ཡིན་རབས་མེད།།

གཞིས་ནས་བྱེས་པ་བྲོས་ནས་སོང་ཟིན་དྲན།།
བྱེས་ནས་གཞིས་ལ་རེ་བ་ཡོད་རབས་དྲན།།
དྲན་པ་མང་བོ་མགོ་མཇུག་ཟུར་གསུམ་ཅན།།
གངས་ཅན་བོད་ཀྱི་བདེན་དོན་འགྲུབ་རེ་དཀའ།།

ཆོས་པས་ཆབ་སྲིད་མི་ཤེས་ཁ་རོག་ཟེར།།
སྲིད་པས་ཆོས་ལུགས་མི་ཤེས་དཀའ་མོ་ཟེར།།
དོན་ལ་འགན་འཁུར་མེད་པ་རླུང་གི་གཏམ།།
བོད་མི་རྩམ་གཟན་ཚང་གི་བྱས་ཉེས་རེད།།