རྔ་པ་ཁུལ་དུ་རྒྱ་ནག་གཞུང་གི་དམ་དྲག
སྔ་ལོའི་ཞི་རྒོལ་ཆེན་མོའི་འགོ་བཙུགས་པ་ནས་བཟུང་ད་བར་བོད་ས་ཡོངས་ལ་རྒྱ་ནག་གཞུང་གིས་དམག་མི་ཕོན་ཆེ་འགྲེམ་འཇོག་གིས་བོད་ཁམས་ཡོངས་གཡུལ་ས་ལྟ་བུའི་འཇིགས་རུང་གི་གནས་སྟངས་འོག་བཞག་པར་བརྟེན། བོད་མི་རྣམས་ཉིན་འཁྱོལ་ཡང་མཚན་མ་འཁྱོལ་བའི་མི་ཡུལ་གྱི་དམྱལ་བ་དངོས་མྱོང་གི་གནས་སུ་གྱར་ནས་ཡོད་ལ། འདི་ནི་སུས་ཀྱང་བསམ་མི་ཕོད་པའི་དོན་དངོས་ཤིག་རེད། དེ་ལས་ཀྱང་བཟོད་ཐབས་བྲལ་བའི་མནར་གཅོད་ཅིག་ནི་བོད་མི་རྣམས་ཀྱིས་ཅིའི་ཕྱིར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་རྒྱུ་རྐྱེན་དངོས་ལ་བསམ་བློ་ཅུང་ཙམ་ཡང་མི་གཏོང་བར་ད་ལྟ་ད་དུང་འདི་ནི་ཕྱི་ལོགས་ཀྱི་ཁ་བྲལ་བ་ཉུང་ཤས་ཤིག་གིས་བརྒྱུད་སྐུལ་འོག་བྱུང་བའི་མི་རིགས་ཁ་བྲལ་གྱི་ལས་འགུལ་ཞིག་རེད་ཅེས་ཕྱི་ནང་གཉིས་ཀར་མུ་མཐུད་སྒྲོག་བཞིན་པ་དང༌། ལྷག་པར་དུ་རང་གི་ཕ་མའི་རིང་ནས་རྒྱ་ནག་གི་དབང་འོག་ནས་མྱངས་པའི་མནར་གཅོད་དེ་བཟོད་ཐུབ་ཀྱི་མི་འདུག་ཅེས་མངོན་སུམ་འཛེམ་མེད་དུ་ངོ་རྒོལ་བྱེད་མཁན་གྱི་གདོང་ལ་བལྟས་བལྟས་སུ་འདི་ལྟར་བཤད་ཀྱིན་རང་གི་གློ་བ་ཉེ་ས་དང་སེམས་པ་དད་སའི་སྐྱེས་བུ་ཆེན་པོ་དག་ལ་རྒོལ་གཏམ་གཏོང་འཇུག་གི་ཡོད་པ་ནི་སུས་ཀྱང་ཡིད་ཆེས་དཀའ་བའི་དོན་དངོས་ཤིག་དང་བཟོད་དཀའ་བའི་མནར་གཅོད་ཅིག་ཅིས་མ་ཡིན། གཞི་རྩ་འདི་འདྲ་ཞིག་གི་སྟེང་ནས་བོད་མདོ་སྨད་ལྷོ་རྒྱུད་ཀྱི་རྔ་པ་རང་སྐྱོང་ཁུལ་གྱི་བོད་མི་རྣམས་ཀྱིས་དཀའ་སྡུག་ལྷག་མ་ཞིག་མྱོང་གིན་ཡོད་པ་ནི། ལོ་སྔོན་མའི་ཞི་རྒོལ་ཆེན་མོ་ཅིའི་ཕྱིར་བྱུང་བ་རེད་ཅེས་པའི་ལན་དང་འབྲེལ་བའི་དོན་དག་ཅིག་སྟེ། ས་གནས་བོད་མི་རྣམས་ཀྱིས་བཤད་པ་ལྟར་ན་རྔ་པ་རང་སྐྱོང་ཁུལ་དང་སི་ཁྲོན་སིན། ཐ་ན་དབུས་གཞུང་གི་འབྲེལ་ཡོད་ལས་བྱེད་ཚན་པས་གཞི་རྒྱ་ཆེ་བའི་རྔ་པ་ཁུལ་གྱི་ཞི་རྒོལ་འབྱུང་རྐྱེན་འདྲི་རྩད་བྱེད་སྐབས་རྫོང་ཁག་སོ་སོའི་ལས་བྱེད་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་འདི་ནི་ཕྱི་རྒྱལ་དུ་ཡོད་པའི་འབྲེལ་ཡོད་མི་སྣས་འཆར་གཞི་ཡོད་པའི་ཐོག་བསླངས་པའི་དོན་རྐྱེན་ཞིག་ཡིན་ཚུལ་ཁོ་ན་བཤད་དེ་དོན་དངོས་སྦ་གསང་བྱས་པར་བརྟེན། དེང་སྐབས་རྔ་པ་ཁུལ་གྱི་རྫོང་ཁག་སོ་སོའི་འགོ་ཁྲིད་རྣམས་ཀྱིས་ལོ་སྔཽན་མའི་སྐད་ཆ་དེ་གོང་རིམ་གྱི་རིམ་པ་སོ་སོར་ཁུངས་སྐྱེལ་བའི་ར་སྤྲོད་བྱེད་མ་ཐུབ་པར་བརྟེན། དེ་ཐུབ་ཐབས་སུ་བདེན་དཔང་འཚོལ་སྒྲུབ་བྱེད་མཁན་གྱི་མི་སྣ་ཆེད་འཛུགས་ཀྱིས་ས་གནས་མི་མང་ལ་རིག་གསར་བསྐྱར་སྤེལ་ལྟ་བུ་བྱེད་ཀྱིན་འདུག་སྟེ། ད་བར་མི་སྣ་མང་པོ་ཞིག་ལ་དངོས་སུ་ཁྲིམས་གཅོད་དང་བཀག་སྐྱིལ་བྱས་པར་མ་ཟད། ཁག་ཅིག་གཅར་རྡུང་དྲག་པོ་བྱས་པས་དབང་པོ་ཡན་ལག་སྐྱོན་ཅན་དུ་བཟོས་ཡོད་ལ། ཁག་ཅིག་འཛིན་བཟུང་བྱས་ནས་ཟླ་བ་མང་པོ་སོང་ཡང་གར་སོང་ཆ་མེད་དུ་གྱུར་ཡོད་པ་སོགས་བྱུང་ཡོད་ནའང༌། དེ་དག་ལས་བདེན་པ་སྒྲིབ་ཐུབ་ངེས་ཀྱི་རྫུན་པ་སྟོབས་ཆེན་ཞིག་མ་རག་སྟབས། དེང་སྐབས་རྔ་པ་ཁུལ་གྱི་གྲོང་སྡེ་རེ་རེ་ བཞིན་དུ་ཕྱི་རྒྱལ་གྱི་མི་ག་གེ་མོ་ཞིག་དང་འབྲེལ་བ་ཡོད་མེད་རྩད་ཞིབ་ཀྱིས་ཕ་མ་དང་སྤུན་མཆེད་སོགས་ཀྱི་འབྲེལ་བ་ཡིན་ཡང་འདྲི་རྩད་མང་པོ་བྱེད་ཀྱིན་ཡོད་པ་མ་ཟད་ཕྱི་རྒྱལ་ལ་འགྲོ་མྱོང་མཁན་རྣམས་ལ་དེ་བས་ཀྱང་ཚབས་ཆེ་བའི་མནར་གཅོད་སྣ་ཚོགས་གཏོང་གི་ཡོད་པ་དང། ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་བཀའ་སློབ་དང་སྐུ་པར་རེ་ཡོད་པ་ཡང་འཕྲོག་ཁྱེར་གྱིས་ཉེས་པ་ཆེན་པོ་བཟོ་བཞིན་པ་མ་ཟད། རྒྱ་གར་ནས་ཐོན་པའི་སྲུང་མདུད་རེ་ཡོད་པ་ཚུན་ཆད་གང་ནས་ཡོང་དང་སུས་སྤྲད་སོགས་འདྲི་བཞིན་ཡོད་འདུག་ལ། ཐ་ན་ཕྱི་ལོགས་ནས་བརྒྱུད་སྐུལ་བྱས་པའི་དཔང་རྟགས་ཚུལ་རྫུན་བཟོ་བྱོས་དང་དངུལ་འབོར་ཆེན་པོའི་བྱ་དགའ་སྤྲོད་རྒྱུ་ཡིན་ཚུལ་ཡང་བརྗོད་ནས་མི་སེམས་ལ་རྨ་ཁ་ཆེན་པོ་བཟོ་བཞིན་པ་སོགས་མདོར་ན་རྔ་པ་རང་སྐྱོང་ཁུལ་གྱི་མཛོད་དགེ་རྫོང་དང༌། རྔ་པ་རྫོང༌། རྐ་ཁོག་རྫོང༌། འབར་ཁམས་རྫོང་བཅས་ཀྱི་བོད་མི་སྤྱི་དང་ལྷག་པར་དུ་ས་གནས་གཞན་དུ་འགྲོ་སྐྱོད་བྱེད་བཞིན་པའི་ཚོང་པ་རྣམས་དང་ཞི་རྒོལ་གྱི་སྔ་ཕྱིར་རྒྱ་གར་མཇལ་སྐོར་དུ་འགྲོ་མྱོང་བ་རྣམས་ལ་ཉེས་མེད་ཉེས་འཛུགས་ཀྱིས་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་པ་འདུག འདི་དག་ནི་ལོ་སྔོན་མའི་ཞི་རྒོལ་ཆེན་མོ་བྱུང་བའི་རྒྱུ་རྐྱེན་ཕྱི་ལོགས་གི་བརྒྱུད་སྐུལ་ཡིན་པའི་བདེན་དཔང་འཚོལ་ཁུལ་བྱེད་ཀྱིན་པ་ཡིན་མོད། དོན་དངོས་ཐོག་ས་གནས་ཀྱི་དཔོན་ངན་ཚོས་རང་ཉིད་ཀྱི་རྐུབ་སྟེགས་སྲུང་ཕྱིར་གོང་རིམ་ལ་མགོ་སྐོར་གཏོང་བྱེད་ཅིག་དང༌། གོང་རིམ་གྱིས་འཛམ་གླིང་མི་མང་མགོ་སྐོར་གཏོང་བྱེད་ཀྱི་ལག་ཆ་ཞིག་བཙན་ཤེད་དང་ཨུ་ཚུགས་ཀྱིས་འཚོལ་སྒྲུབ་དང་ཐ་ན་རྫུན་བཟོ་ཡང་བྱེད་བཞིན་པ་ལས་ཞི་རྒོལ་ཆེན་མོའི་འབྱུང་རྐྱེན་དངོས་དེ་ད་བར་གཏན་ནས་འཚོལ་མྱོང་མེད་པ་བཅས། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས་འགྲེམས་སྤེལ་བྱས་ཡོད་པ་རེད།།