རིག་པའི་སེངྒེ་དབང་ཕྱུག

མཁའ་ལ་འཕགས་པའི་ཐུགས་རྗེའི་འོད་རླབས་ཀྱིས།།

འགྲོ་བའི་སྒྲིབ་གཉིས་རྨོངས་པ་ལས་སད་ཕྱིར།།

ངོ་མཚར་འབུམ་ཕྲག་དང་བཅས་སྲིད་པ་འདིར།།

འཕྲོ་བའི་ཉི་གཞོན་ཤར་གྱི་རྩེ་ན་མཛེས།།

རབ་འབྱམས་སྨྲ་བའི་སེངྒེ་སྟོང་འདུས་དབུས།།

ལུང་རིགས་གཏན་ཚིག་སྒྲོག་པའི་དཔའ་སྒྲ་ཡིས།།

ཀླད་མེད་ཝ་སྐྱེས་ཕལ་རྒོད་ཟིལ་སྣོད་པ།།

རིག་པའི་རྒྱལ་པོ་ཕྱོགས་ལས་རྣམ་པར་གྲོལ།།

ཤྰཀྱའི་རིག་ལུང་སྤང་མཐོ་ཏི་སེའི་ངོས།།

གདམས་པ་ཆུ་བོ་བཞི་ཡི་རྒྱུད་འབབ་པའི།།

གངས་ཅན་མཁས་པའི་ཁྲོད་ན་མངོན་གྱུར་པ།།

ཞྭ་སེར་བསྟན་པའི་སྲོལ་འཛིན་ཁྱོད་མིན་སུ།།

མདོ་སྔགས་གཞུང་ལུགས་ཆུ་གཏེར་ཆེན་པོ་ལས།།

དཔྱད་གསུམ་གདམས་པ་སྐྱ་བས་རབ་ཕྱེས་ཏེ།།

བདེན་གཉིས་སྤྲོས་དང་བྲལ་བའི་ཕ་རོལ་ན།།

གདུལ་བྱ་མ་ལུས་འདྲེན་པར་གཤིས་གྱུར་ཅིག།