ང་ནི་འདི་འདྲ་ཞིག་རེད།
ནང་གི་དེ་ཉིད་ཕྱི་རོལ་ཁྲོམ་དུ་གཡེང་།།
ཁ་ཡི་གླེང་བ་བདེ་སྡུག་ཏིང་སྙོམས་ཤིག།
ལག་ནས་བྱེད་པ་ཆགས་སྲེད་གཡབ་མོའི་མིག།
སྲེད་པ་ཕྲ་མོའི་འབུ་སྲིན་སྙིང་ན་རྩེན།།
ལེགས་པའི་གཏམ་དག་འཆད་ལ་ཤར་ཤར་ཤར།།
མེ་ལེགས་དོན་རྣམས་སྒྲུབ་ལ་མྱུར་འཁྱུགས་འཁྱུགས།།
ལུང་དོར་སེམས་ཀྱི་འགག་ན་ཉལ་བ་ཡི།།
གཟུགས་མེད་ཁྲེལ་གཞུང་མེད་པ་ནང་གི་ཚོར།།
རིགས་ཞེན་བོད་ལ་སྤྲིངས་པའི་ཡི་གེ་ཚོགས།།
ཀློག་མཁན་སྤུན་ཟླ་མང་བོས་བསྟོད་གྱུར་ཀྱང་།།
ཁོག་སྟོང་སྙིང་རུས་མེད་པའི་བུ་སྡུག་ང་།།
བོད་ཀྱི་ལས་དོན་ཕྱོགས་ལ་ལག་ཆད་ཡིན།།
རྩ་བའི་༧བླ་མའི་སྐུ་དཔར་བརྩིགས་ངོས་བཀལ།།
སེམས་ཀྱི་དད་ས་ཡིན་རབས་ཀུན་ལ་བསྒྲགས།།
དོན་ལ་ལག་ལེན་མེད་པའི་ཆལ་བོ་ང་།།
གངས་ཅན་བོད་པ་ཚང་གི་ཞབས་འདྲེན་ཡིན།།
རིགས་སྡེ་ཀུན་ལ་མཐུན་སྒྲིལ་དགོས་རབས་གླེང་།།
རིགས་ཀྱི་སྲུ་ཞུ་རང་གི་སྐད་ཅིག་ཙམ།།
འཇོན་པ་མེད་ཀྱང་ཁ་ཤོམས་ཆེ་ལུགས་འདིས།།
རིགས་ཀྱི་སྤུན་ཟླ་མང་བོ་ཡི་ཐང་ཆད།།
སེམས་ན་འགྱོད་པ་མེད་པའི་དམ་བཅའ་ཞིག།
རི་བོ་གངས་ཅན་ཚང་གི་དོན་དུ་བཞག།
དོན་ལ་རང་རིགས་སྤུན་ཟླའི་དར་རྒུད་ལ།།
སྩོལ་བའི་ལག་རྗེས་ཟེར་བ་རྟ་རྔ་ཙམ།།
ཁ་ནས་སྤྱི་དོན་ཟབ་མོ་ཆུ་བཞུར་བཞུར།།
དོན་ལ་རང་དོན་ཕྲ་མོ་ཁབ་གསོག་གསོག།
སྤྱི་སྒེར་གང་ཡང་མི་ལ་སྟོན་རན་ཞིག།
ད་ལྟའི་བར་དུ་བྱས་མྱོང་ང་ལ་མེད།།
བརྩེ་བའི་དུང་ཤ་དྲོན་མོའི་གླུ་ངག་རེ།།
ཡི་གེའི་གཟུགས་སུ་གྲངས་མེད་ཕབ་ན་ཡང་།།
དོན་ལ་བརྩེ་བ་མེད་པའི་ཁྲེལ་མེད་ང་།།
འཇིག་རྟེན་འདི་རུ་སྐྱེ་བ་དོན་མེད་རེད།།
