སྔ་མོ་རང་ལ་འདི་ལྟར་སེམས་གསོའི་སྡོམ་ཚིག་བཙལ།
གཞན་སེམས་ཀྱི་ཀུན་སློང་དང་བྲལ་ཚེ། མིའི་སྐྱེས་པ་ལས་དུད་འགྲོའི་རིགས་སུ་སྐྱེས་ན་ཡག
༢
མིའི་ཡོན་ཏན་ལ་སྡང་སེམས་དང་ཕྲག་དོག་བྱེད་པ་ལས་རང་ལ་ཡོན་ཏན་ཐོབ་པར་འབད་བརྩོན་བྱས་ན་ལེགས་པ་ཡིན།
༣
སྐྱེས་པའི་དུས་སུ་ཨག་སྐད་དང་ལྷན་དུ་སྐྱེ་བ་བདེན་ཡང་། ཤི་དུས་སུ་ཨག་སྐད་དང་ལྷན་དུ་མི་ཤི་བར་དགོད་སྒྲ་དང་བཅས་དེ་ཤི་ཐུབ་དགོས།
༤
རང་ཉིད་ལ་གཞན་གྱིས་ཐུབ་ཚོད་བྱོས་པ་མི་དགའ་བ་སེམས་སུ་བཞག་ནས། མི་ལ་དཀའ་ངལ་མི་བཟོ་བ་དང་དོན་མེད་དུ་ཚིག་ངན་མི་སྨྲ་བ། དུས་དང་རྣམ་པ་ཀུན་དུ་བཟང་བོའི་གོམ་གཤིས་འཇག་པར་བྱེད་རྒྱུ་བརྗེད་མི་རང་།
༡༧།༠༥།༠༥ཉིན་བྲིས།
༥
རང་ཉིད་མི་རིགས་གང་གི་ཁུངས་སུ་སྐྱེ་བ་ཡིན་ན། མི་རིགས་དེའི་ལ་རྒྱ་སྲུང་རྒྱུ་དང་མི་རིགས་དེའི་ཆེད་དུ་འབད་བརྩོན་བྱེད་རྒྱུ་ནི། རང་ཉིད་མི་རིགས་དེར་སྐྱེ་བའི་ལྡོག་མེད་ཀྱི་འགན་འཁུར་ཡིན།
༡༨།༠༥།༠༥ཉིན་བྲིས།
༦
ཁ་རོག་གེར་བསྡོད་པ་བཟང་བོར་བརྩི་ན། ལྐུགས་པའི་སྒང་དུ་སུ་ཡང་སླེབས་ས་མེད། ཁྱེད་རང་གིས་ཁ་བཙུམ་ནས་འདུག་འདོད་པ་ནི། མི་དང་མིའི་བར་ལ་འགན་འཁུར་ཅི་ཡང་འཁུར་མ་འདོད་པ་དང་། ཁྱེད་རང་ལ་སྙིང་སྟོབས་དང་ལ་རྒྱ། སེམས་ཤུགས་གང་ཡང་མེད་པས་ཡིན།
༠༢།༠༦༠༥ཉིན་བྲིས།
༧
རང་ཉིད་ལ་ཅི་ཙམ་གཅེས་པ་དེ་ཙམ་ཞིག་གཞན་ལ་ཡང་གཅེས་པར་བཟུང་ན། གཞན་གྱི་ཁྱེད་ལ་སྐྱབས་རོགས་དང་ཡིད་ཆེས་གང་ཐུབ་བྱེད་ངེས་ཡིན་ལ། ནུས་པ་དེའི་དབང་གིས་ཕན་ཚུན་ལ་ཀུ་ཡངས་དང་བསམ་ཤེས་རང་བཞིན་གྱི་བདེན་པ་གྲུབ་ཐུབ་ཀྱི་ཡོད།
༠༤།༠༦།༠༥ཉིན་བྲིས།
༨
རང་སེམས་འཁྲུལ་བའི་དབང་གིས། རང་ཉིད་ཚེ་རིང་བོར་བསྡོད་འདོད་ཀྱི་ཡིད་ཆེས་ཀྱི་དབང་སྒྱུར་འོག ཧམ་སེམས་དང་ཕྲག་དོག ང་རྒྱལ་བསྐྱེད་སྲུང་བྱེད་ཀྱི་ཡོད། བརྟན་གནས་ཀྱི་ཕྱོགས་སུ་བསམ་བློ་བཏང་དུས། ཡིད་བརྟན་ཅི་ཡང་མེད་པ་ནི། ཐག་གཅོད་ཀྱི་བསམ་བློ་ཞིག་བཏང་ན། ང་ཚོས་རང་ཉིད་ཀྱི་ཧམ་སེམས་དང་ཞེ་སྡང་བསྐྱེད་སྲུང་བྱེད་པ་ནི་ནོར་འཁྲུལ་ཉེག་གཅིག་རེད།
༩
སྐྱེས་པའི་ཉིན་མ་དེ་ནས། འཆི་བ་མགོ་བཙུགས་པ་ནང་བཞིན་གྱིས། ང་ཚོ་ལ་རང་དབང་གི་བདེ་མལ་གྱི་གཟིམ་ས་ལྷག་མ་ཞིག་མེད་པ་ཤེས་དགོས་པ་དང་། ཤེས་པའི་རྒྱུད་དུ་བརྩེ་དུང་གི་རྣམ་ཤེས་ཤིག་ཞུགས་ཉིན་ནས། ཆགས་ཞེན་གྱི་རྔམ་དྲག་གིས་རང་ཉིད་ལ་ངལ་གསོ་མི་སྟེར་བ་ནི། རང་གི་ཤེས་པ་གང་ཞིག་ལ་ངར་ཤུགས་རྒྱས་པའི་སྔོན་འགྲོ་དང་རྒྱལ་ཁར་སྙེགས་པར་འདོད་དགོས།
༢༢།༠༦།༠༥ཉིན་བྲིས།
༡༠
ཁྱེད་ཀྱིས་རང་ཉིད་ལ་ག་ཚོད་བརྩི་བཀུར་བྱེད་པ་དེ་བཞིན་དུ། མི་གཞན་ལ་ཡང་དེ་མཚུངས་ཀྱི་བརྩི་བཀུར་བྱེད་རྒྱུ་བརྗེད་མི་རང་། བརྩི་བཀུར་གྱི་མཐོང་ལམ་དུ། ཕན་ཚུན་གྱི་ཁྲེལ་གཞུང་གི་དམ་ཚིག་ཕམ་སུམ་ཚོགས་པར་འགྱུར་བ་ཡིན།
༢༤།༠༦།༠༥ཉིན་བྲིས།
༡༡
དེབ་ཀློག་པ་ལས་སྤྲོ་སྣང་མེད་ལ། སྙན་ངག་འབྲི་བ་ལས་སྡུག་བསྔལ་མེད། དེབ་ཀློག་པ་ནི་བདེ་སྐྱིད་ཡིན་ལ། སྙན་ངག་འབྲི་བ་ནི་སྡུག་བསྔལ་ཡིན།
སྙན་ངག་པ་ནི་སྡུག་བསྔལ་གསལ་སྤྲོད་བྱེད་མཁན་གྱི་སློབ་དཔོན་ཡིན་ཞིང་། དེབ་ཀློག་མཁན་ནི་བདེ་སྐྱིད་མྱོང་མཁན་གྱི་སློབ་མ་ཡིན།
༠༨།༠༧།༠༥ཉིན་བྲིས།
༡༢
འཇིག་རྟེན་གྱིས་ཁྱེད་རང་ལ་བདེ་སྐྱིད་སྟེར་བར་མ་འདོད། ཁྱེད་ཀྱིས་འཇིག་རྟེན་ལ་བདེ་སྐྱིད་འབུལ་བར་བསམ་བློ་གཏོང་བ་དང་འབད་བརྩོན་བྱེད་དགོས།
༡༣
ཁྱེད་རང་ཡི་གེ་ཤེས་མཁན་ཞིག་ཡིན་ན། དྲན་ཐུབ་པ་ནས་འབྲི་ཐུབ་པ་དང་། འབྲི་ཐུབ་པ་ནས་སྤེལ་ཐུབ་དགོས།
༡༤
སྐད་ཆ་སྙན་པོ་རེ་བཤད་དེ་ཉིན་མ་འཕུད་པ་ལས། ལས་ཀ་ཆུང་ཆུང་རེ་བྱས་དེ་མི་ལ་ཕན་གྲོགས་བྱེད་ན་བཟང་།
༡༥
གསོན་ནས་སྙིང་བོ་ཅི་ཡང་མེད་པར་མཐོང་དུས། རང་ཉིད་ནོར་གྱི་ཡོད། སྐབས་དེ་དུས་ནོར་འཁྲུལ་གང་ཡིན་པར་རྩ་གཅོད་ཡག་པོ་བྱེད་དགོས།
༣༠།༠༨།༠༥ཉིན་བྲིས།