སུམ་བཅུའི་འཕྲེང་ཐག་བོད་མིར་སྤྲིངས།

 

ཅ་ཅོ་རི་ལུང་འཁེང་བ་སྒྲོག་ནུས་ཀྱང་།།

ཆ་རྒྱུས་རང་གི་སེམས་ལ་ཡོད་དུས་སུ།།

ཇ་ཁང་ཉུལ་ནས་ཉི་མ་གཏོང་བ་ལས།།

ཉ་ཆུ་འཚོ་བའི་ལས་དེ་སྲུང་ན་འོས།།

 

ཏ་ལེན་ཕྲག་པར་འཁུར་བའི་རྒད་པོ་དང་།།

ཐ་སྙད་ཚིག་ལ་བྱང་བའི་ཤེས་ཡོན་པ།།

ད་ལྟའི་དུས་འདིར་མཁོ་བ་རྩོད་གླེང་མིན།།

ན་ནིང་བྱུང་བའི་ལས་ལ་བསམ་གཞིགས་གནོངས།།

 

པ་སངས་ལྷག་བསམ་བོད་ལ་ཡོད་མཁན་དག།

ཕ་ཡུལ་བོད་དུ་གནས་པའི་སྤུན་ཟླ་ཚོ།།

བ་གླང་གཤིས་ལས་སྡུག་པའི་རྒྱ་གཞུང་འོག།

མ་བུ་གསོན་བྲལ་སྡུག་བསྔལ་ཇེ་ལྕི་རེད།།

 

ཙ་རི་གནས་ཡུལ་འགྲིམ་ནས་ཕྱི་ལ་འབྱོར།།

ཚ་བའི་ཡུལ་ལུང་མི་ཡུལ་བྱེས་སུ་གནས།།

ཛ་དྲག་དུས་འདིར་རང་རིགས་བདེན་དོན་ཆེད།།

ཝ་མ་ཝོལ་དུ་སྡོད་རྒྱུ་ངོ་གནོངས་རན།།

 

ཞ་ཞོར་ཟ་བཏུང་འགྲོ་འདུག་གང་ཡིན་ལ།།

ཟ་ཟུར་ཚིག་གི་མདའ་མོ་ནང་ལོག་ཏུ།།

འ་འུར་ཙམ་ལ་བཅོལ་ནས་བེད་སྤྱོད་པ།།

ཡ་རབས་བོད་པའི་ལུགས་ཀྱི་དགྲ་རུ་འཛིན།།

 

ར་ས་འཕྲུལ་སྣང་འགྲུམ་འགྲིལ་ཁང་དུ་བསྒྱུར།།

ལ་མོའི་རྒྱབ་ཀྱི་རང་གི་གནས་མཆོག་དེ།།

ཤ་ཁྲག་གཅིག་པའི་སྤུན་ཟླའི་སྲུང་བ་དེ།།

ས་མཐའི་ང་ཚོའི་སེམས་སུ་འཇགས་རན་ཡིན།།

 

ཧ་ཅང་གཅེས་པའི་སྙིང་གཏམ་ཡོད་མེད་དེ།།

ཧ་ཧ་ཟེར་ནས་དགད་མོ་མ་ཤར་གོང་།།

ཨ་རིའི་ཡུལ་ལ་སྨོན་ལམ་འདེབས་པ་ལས།།

ཨ་མའི་བུ་རྒོད་གངས་ཅན་བོད་དོན་སྙོགས།།