ཤར་ལྷོ་ཨེ་ཤ་ཡར་འབྲུ་རིགས་ཀྱི་དཀའ་ངལ།
སྤྱིར་རྒྱ་གར་གཞུང་དང་ཤར་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས། ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་འབྲུ་རིགས་ནང་འདྲེན་དེ་ཙམ་བྱེད་ཀྱི་མེད་རུང༌། ལོ་འདིའི་ནང་ཆར་པ་དུས་ཐོག་བབས་མེད་པའི་རྐྱེན་གྱིས། འབྲུ་རིགས་ཀྱི་དཀའ་ངལ་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པས། རྒྱ་གར་དབུས་གཞུང་གིས་ཕྱི་རྒྱལ་ཁག་ནས་འབྲུ་རིགས་ནང་འདྲེན་བྱེད་རྒྱུ་ཡིན་པའི་ཐག་གཅོད་བྱུང་ཡོད་པ་རེད། རྒྱ་གར་ནི་འཛམ་གླིང་ནང་བྱེ་མ་ཀ་ར་བེད་སྤྱོད་གཏོང་མཁན་ཆེ་ཤོས་དང༌། ཐོན་སྐྱེད་བྱེད་མཁན་ཨང་གཉིས་པ་ཆགས་ཀྱི་ཡོད་པ་དང༌། འདི་ལོ་རྒྱ་གར་གྱི་ས་ཁུལ་མང་པོར་ཐན་པ་བརྒྱབ་པའི་རྐྱེན་གྱིས། བྱེ་མ་ཀ་ར་ཡི་གོང་ཚད་མཐོ་རུ་འགྲོ་བཞིན་ཡོད་པ་དང༌། དེ་དང་འབྲེལ་ནས་ཟས་རིགས་མངར་མོའི་རིགས་ཀྱི་གོང་ཚད་ཀྱང་མཐོ་རུ་འགྲོ་བཞིན་ཡོད་པ་རེད། དེ་བཞིན་པཱ་ཀི་སི་ཐན་དང་བལ་ཡུལ་སོགས་སུ་བྱེ་མ་ཀ་ར་ཡི་གོང་ཚད་ལྡབ་གཉིས་འཕར་ཡོད་པ་དང༌། ཕྱི་ལོ་༡༩༨༡ ནས་ད་ལྟའི་བར་ཟས་རིགས་ཀྱི་གོང་ཚད་འཕར་ཆ་ཆེ་ཤོས་ཆགས་ཡོད་པ་རེད།
སྤྱིར་འཛམ་གླིང་ནང་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་ཡོད་པ་དང༌། དེའི་ཐོག་ཤར་ལྷོ་ཨེ་ཤ་ཡར་རང་བྱུང་གི་གནོད་འཚེ་ཆུ་ལོག་དང་ཐན་པ་བརྒྱབ་པ། དམག་འཁྲུག་ལངས་པ་སོགས་ཀྱི་དཀའ་ངལ་མང་བས། རྒྱ་གར་གཞུང་སོགས་ཀྱིས་མི་མང་ལ་འགྲོ་གྲོན་ཐད་བསྲི་ཚགས་བྱེད་དགོས་པའི་སྐུལ་མ་གཏོང་བཞིན་ཡོད་པ་དང༌། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་བཟོ་གྲྭའི་བདག་པོ་ཚོས། ཟས་རིགས་ཕྱིར་གཏོང་ལ་གོང་ཚད་མཐོ་རུ་གཏོང་དགོས་པའི་བསམ་ཚུལ་ཤོད་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད།།