གཞོན་ལྷན་གྱི་འགན་འཛིན་ལྷན་ཚོགས་ཐེངས་བཞི་བཅུ་པ།

གཞོན་ལྷན་གྱི་འགན་འཛིན་ལྷན་ཚོགས་ཐོག་ས་གནས་ཁག་བཞི་བཅུ་ཙམ་གྱི་རྒྱུན་ལས་ཚོགས་མི་དགུ་བཅུ་ལྷག་ཚོགས་ཞུགས་བྱས་ཡོད་པ་དང། སྐུ་མགྲོན་གཙོ་བོ་སེར་བྱེས་མཁན་རིན་པོ་ཆེ་མཆོག་གིས་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་རྙིང་པ་ཡིན་པ་དང། བོད་མི་ས་ཡ་དྲུག་གི་རྩ་དོན་ཐོག་ལས་ཀ་བྱེད་མཁན་ཡིན་པས། ཚང་མས་འགན་ཆེན་པོ་ཡོད་པ་མཁྱེན་པའི་ཐོག་ནས་འགན་ལེན་དགོས་པ་དང། ཐོག་མར་བཙུགས་མཁན་ཚོས་དམིགས་ཡུལ་བཞིན་ལས་དོན་བྱེད་དགོས་པ་རེད་ཅེས་གསུངས་ཡོད་པ་རེད།
འགན་འཛིན་ལྷན་ཚོགས་དེའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཆབ་སྲིད་ཀྱི་བོད་རང་བཙན་འཐབ་རྩོད་བྱེད་རྒྱུ་དེ་ཡིན་པ་དང། གཞོན་ནུའི་སྒྲིག་འཛུགས་དེ་བོད་ཕྱི་ནང་གཉིས་ནས་ཡིད་ཆེས་བློ་གཏད་བྱེད་ས་ཞིག་ཡིན་པས། མུ་མཐུད་ལས་དོན་བྱེད་ཕྱོགས་ལ་ཐབས་ལམ་ག་རེ་དགོས་མིན་གྱི་སྐོར་དང། དེ་བཞིན་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས་ལ་ལས་འགུལ་སྤེལ་ཕྱོགས། གཞོན་ནུའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་བོད་མིའི་གཞིས་སྒར་ཁག་ཏུ་སྲ་བརྟན་གནས་ཐབས། བཙན་བྱོལ་བོད་མིའི་ནང་གཞོན་སྐྱེས་ཚོས་ཤེས་ཡོན་འཐུས་ཤོར་ཕྱིན་པ་དང། གཞིས་ཆགས་ཁག་ཉམས་ཆགས་སུ་ཕྱིན་པ་དག་ཡར་རྒྱས་གཏོང་ཐབས་སུ་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ལས་དོན་ག་རེ་བྱེད་དགོས་མིན་བཅས་ལ་གྲོས་བསྡུར་གནང་གི་ཡོད་པ་རེད།།