པེན་ བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན།
ཟླ་འདིའི་ཚེས་༢༩ ཉིན་ནས་ཉིན་གཉིས་རིང་པེན་ བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་ལོ་ངོ་ལྔ་བཅུའི་དམིགས་བསལ་རྩོམ་རིག་སྐོར་ལ་བགྲོ་གླེང་ཞིག་འཚོགས་ཡོད་པ་དང། ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་ཏུ་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དང། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷ་རྡོར་ལགས། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་བཅས་ཕེབས་ཡོད་པ་རེད། ཉིན་གཉིས་རིང་གི་བགྲོ་གླེང་ཚོགས་འདུ་དེའི་བཙན་བྱོལ་ནང་གི་རྩོམ་པ་པོ་ཁག་ཅིག་གིས་གསུང་བཤད་དང་ཚོགས་བཅར་བའི་ནང་བགྲོ་གླེང་གནང་གི་ཡོད་པ་རེད།
སྐབས་དེར་པེན་ བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་ཚོགས་ཆེན་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་སྐབས། ཁོང་གིས། “ཚོགས་ཆེན་འདི་དམིགས་བསལ་ཚོགས་ཆེན་ཞེས་གསལ་བསྒྲགས་བྱས་པ་རེད། དམིགས་བསལ་ཚོགས་ཆེན་ཟེར་དགོས་དོན་དེ་ང་ཚོ་བཙན་བྱོལ་ལ་ཡོང་ནས་མི་ལོ་ལྔ་བཅུ་འཁོར་བ་དང། མི་རབས་རྒན་པ་ཞིག་མཇུག་བསྒྲིལ་བ་དང། མི་རབས་གསར་པ་ཞིག་གིས་སྣེ་ཁྲིད་བཞིན་པའི་སྐབས་དེ་དུས་ཚོད་ཀྱི་ཆ་ནས་ལོ་ངོ་ལྔ་བཅུ་དེ་རིང་ཙམ་ཕྱིན་ཡོད་པ་རེད། གཉིས་པ། བཙན་བྱོལ་ནང་སྤྱིར་བཏང་མཁས་པའི་ཚོགས་འདུ་དང། རྩོམ་པ་པོའི་ཚོགས་འདུ། རིག་གནས་སྐོར་གྱི་ཚོགས་འདུ་འཚོགས་ཡོད་པ་རེད་མོད། ལོ་ངོ་ལྔ་བཅུའི་རིང་བསྐྱར་ཞིབ་དང་འབྲེལ་བའི་དམིགས་བསལ་ཚོགས་འདུའི་ནང་དོན་ཆ་ཚང་སྒྱུ་རྩལ་རྩོམ་རིག་ཁོ་ནའི་ཐོག་ཕྱོགས་ཡོངས་ནས་བགྲོ་གླེང་གནང་བ་འདི་དམིགས་བསལ་ཞིག་མཐོང་གི་ཡོད། གསུམ་པ། ཚོགས་ཞུགས་པའི་ཆ་ནས་དམིགས་བསལ་བཙན་བྱོལ་ནང་རྩོམ་པ་པོའི་རྐང་འཛིན་པའི་ཚོགས་སྡེ་པེན་ བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་རེད། འདིའི་ཐོག་དེ་མ་ཡིན་པའི་རྩོམ་པ་པོ་གཞན་པ་དང། རྩོམ་སྒྲིག་པ། ཞིབ་འཇུག་པ། ཀློག་པ་པོ་དེ་འདྲའི་བོད་ཀྱི་རྩོམ་རིགས་དང། ཤེས་ཡོན་ལ་འབྲེལ་བ་ཡོད་པའི་ཤེས་ཡོན་ཅན་གྱི་དཔུང་སྡེ་རྒྱ་ཆེན་པོ་ཞིག་འདུ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ལ། གང་འཚམས་འདུས་ཡོད་པ་རེད་བསམ་གྱི་འདུག དམིགས་བསལ་ཚོགས་ཆེན་བཏགས་དགོས་པའི་རྒྱུན་མཚན་ཡིན་”ཞེས་ཚོགས་འདུའི་དམིགས་ཡུལ་དང་དགོས་པ་བཅས་ངོ་སྤྲོད་གནང་ཡོད་པ་རེད། ཁོང་གིས་མུ་མཐུད་རྩོམ་པ་པོའི་འགན་འཁྲིའི་སྐོར་གསུང་དོན། “རྩོམ་འབྲི་རྒྱུ་གཅིག་པུ་མ་ཡིན་པར། གཙོ་བོ་སོ་སོའི་རྩོམ་ཡིག་གི་ནང་དོན་དང་སོ་སོའི་ཀུན་སྤྱོད་ཀྱི་ཚད་གཞི་གཉིས་དོ་མཉམ་པ་ཞིག་ཡོང་དགོས་པ་དེ་གལ་ཆེན་པོ་རེད། ཡིན་ནའང་རྩོམ་པ་པོ་རྣམས་ཕྱོགས་གཅིག་ནས་སྡོད་དགོས་པ་ཞིག་ངས་མཐོང་གི་མེད། ས་ཆ་གང་དུ་སོང་ནའང་བོད་ཀྱི་རྩོམ་རིགས་དང་སོ་སོ་ཁ་མ་འབྲལ་ན་ས་ཆ་ཐག་རིང་ཐུང་གང་དུ་སོང་ནའང་ཁ་བྲལ་གྱི་ཡོད་པ་མ་རེད་ཅེས་དང། ཕྱི་རྒྱལ་དུ་ཚོགས་ཆེན་ཐོག་ལ་འགྲོ་ཡི་ཡོད་པ་དེ་རྒྱལ་སྤྱིའི་པེན་གྱི་ཐོབ་ཐང་རེད། ཚོགས་མི་ཡིན་ན་དེའི་ཐོག་འགྲོ་རྒྱུའི་རང་དབང་དེ་ཆ་ཚང་ཡོད་པ་རེད། དེ་བཀག་ན་འགྲིག་གི་མ་རེད། ང་ཚོའི་ད་ལྟའི་ཚོགས་མི་ཚོ་ཡིན་ནའང་མུ་མཐུད་ནས་འགྲོ་རྒྱུའི་གོ་སྐབས་རག་གི་ཡོད་པ་རེད། དེ་བཀག་རྒྱུའི་ཐོབ་ཐང་ང་ཚོར་ཡོད་པ་མ་རེད། དེར་སོང་ནས་ཚུར་ལོག་དང་མི་ལོག་དེ་བཟང་སྤྱོད་དང་ངན་སྤྱོད་ཀྱི་སྐད་ཆ་བཤད་ཀྱི་ཡོད་པ་དེ་ངས་ཐག་བཅད་ནས་ཞུ་རྒྱུ་མེད། གང་ལྟར་སོ་སོ་ས་ཆ་གང་དུ་ཡོད་དང། གནས་བབས་གང་དུ་ཡོད་ནའང། མུ་མཐུད་ནས་རྩོམ་པ་པོ་ཞིག་ཡིན་བསམ་པ་དང། བོད་པའི་སྤྱི་ཚོགས་དང་ཤེས་རིག་གི་སྐོར་ལ་འགན་ཁུར་ནས་ཕྱག་ལས་དང་ནུས་པ་ཐོན་ན་འགྲིག་གི་ཡོད་པ་ལ་ངོས་འཛིན་བྱེད་ཀྱི་ཡོད་”ཅེས་གསུངས་ཡོད་པ་རེད།ཚོགས་འདུའི་སྐུ་མགྲོན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གིས་འགན་འཛིན་དགེ་བཤེས་ལྷ་རྡོར་ལགས་ཀྱིས་རྩོམ་པ་པོར་སྤུས་ཚད་དགོས་པའི་སྐོར་གསུང་དོན། “སྤྱིར་བཏང་རྩོམ་པ་པོ་གལ་ཆེན་པོ་ཡིན་མིན་ངས་ཞུ་དགོས་པ་མི་འདུག ལས་ཀ་ག་རེ་ཡིན་ནའང་ཁྱད་ཆོས་མང་པོ་ཚང་དགོས་པ་དང། ལས་འགན་མང་པོ་ཡོད་པ་ཞིག་རེད། བོད་པའི་རྩོམ་པ་པོ་ཟེར་དུས་རྩོམ་པ་པོའི་མིང་དེ་སུ་ལ་རག་གི་རེད། ཡི་གེ་ཀྱག་ཀྱོག་འབྲི་ཤེས་མཁན་ཚང་མར་རྩོམ་པ་པོའི་མིང་ཐོབ་ཀྱི་རེད་དམ་མ་རེད། རྩོམ་པ་པོའི་གནས་ཚད་ཆགས་པ་དེར་རིམ་པ་ཞིག་ལ་སླེབས་དགོས་པ་རེད། ད་ཐེངས་བསྐྱར་ཞིབ་བྱེད་སྐབས། ཁྱེད་རང་རྩོམ་པ་པོ་རེད་འདུག ཁྱེད་རང་རེད་མི་འདུག་ཅེས་དབྱེ་བ་འབྱེད་རྒྱུ་ཡོད་པ་མ་རེད་མོད། སྤྱིར་བཏང་སོ་སོ་རང་ངོས་ནས་རྩོམ་པ་པོ་ཚད་ལྡན་ཞིག སེམས་ཚོར་ཁ་ཤས་འབྲི་ཐུབ་པ་ཡིས་རྩོམ་པ་པོ་ཆགས་ཀྱི་རེད་དམ་མ་རེད། ལམ་ཁ་དེར་ཚང་མ་འགྲོ་ཆོག་གི་རེད་མོད། གནས་ཚད་དེ་ལོངས་པ་ཞིག་བྱེད་དགོས་པ་རེད། ལྷག་པར་དུ་རྒྱལ་སྤྱིའི་པེན་ ཡན་ལག་ཚོགས་པ་ལབ་ནས། རྒྱལ་སྤྱི་དང་འབྲེལ་བ་ཡོད་པ་ཞིག་ཡིན་དུས། རྩོམ་པ་པོ་ཚད་ལོངས་པ་ཞིག་ལ་ག་རེ་བྱེད་དགོས་ཀྱི་འདུག ད་ལྟའི་གནས་ཚད་འདིའི་ཚད་ལོངས་ཀྱི་འདུག་གམ་མི་འདུག ལོངས་ཀྱི་མེད་ན་ག་རེ་བྱེད་དགོས་ཀྱི་འདུག་བསམ་བློ་གཏོང་དགོས་པ་རེད་”ཅེས་གསུངས་སོང།
ཁོང་གིས་མུ་མཐུད་རྩོམ་པ་པོའི་འགན་འཁྲིའི་སྐོར་གསུང་དོན། “སྤྱིར་བཏང་རྩོམ་ཡིག་འབྲི་སྟངས་མང་པོ་ཡོད་པ་རེད། དེབ་མང་པོ་ཀློག་རྒྱུ་ཡོད་པ་རེད་མོད། རྩོམ་པ་པོ་ཟེར་དུས་རྩོམ་ཡིག་གི་གནས་ཚད་ལོངས་པ་དང། རྩོམ་པ་པོར་འགན་ཞིག་ཡོད་པ་རེད། སྐད་ཆ་བཤད་མཁན་གྱིས་ཁ་ནས་ཐོན་ཚད་བཤད་བཞག་ན་འགྲིག་གི་མ་རེད། སུ་ལ་བཤད་ཀྱི་འདུག ཡུལ་གང་འདྲ་ཞིག་དང་གནས་གང་འདྲ་ཞིག་ལ་བཤད་ཀྱི་འདུག སུ་ལ་དམིགས་ནས་རྩོམ་གྱི་ཡོད། སུ་ལ་ཕན་ཐོགས་ས་རེད། སུ་ལ་ཕན་ཐོགས་ས་མ་རེད། སྤྱི་ཚོགས་ནང་ལ་ཕོག་ཐུག་འགྲོ་ས་རེད་དམ་མ་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་གསལ་པོ་ཡོད་པ་རེད། རྩོམ་འདོན་པ་དང། ཚགས་པར་འདོན་པ་དེ་ཚོ་གཞི་རྩའི་ཐོབ་ཐང་རེད། རང་དབང་རེད་མོད། རྒྱལ་ཁབ་སྤྱི་དང་མི་མང་སྤྱིའི་བདེ་འཇགས་ལ་མ་གནོད་པ་ཞིག་དགོས་པ་རྩ་ཁྲིམས་ནང་དུ་ཡོད་པ་རེད། ལམ་སང་དྲན་ཚད་བྲིས་ནས་འགན་མ་ཁུར། དེས་ཕུགས་ལ་ག་རེ་གནོད་ས་རེད། འཕྲལ་ལ་ག་རེ་གནོད་ས་རེད་མ་བཤད་ནས། སོ་སོས་ཅིག་བྲིས་བཞག་དུས་སྐྱོན་ཆ་མི་ཡོང་བའི་ངེས་པ་ཡོད་པ་མ་རེད། དེ་མི་སྡུག་དྲགས་པ་དང། ཀུན་སློང་ངན་དྲགས་ནས་ཡིན་མིན་མི་ཤེས་མོད། ཉམས་མྱོང་ཡོད་མེད་དང། མཐོང་རྒྱ་ཐོས་རྒྱ་ཡོད་མེད་ཀྱིས་ཁྱད་པར་འགྲོ་ཡི་རེད། ཧ་ཅང་གཟབ་གཟབ་བྱེད་དགོས་པ་རེད། ནམ་རྒྱུན་རྩོམ་ཡིག་ཡིན་ན་བཤད་མ་དགོས་པ་རེད། ཡི་གེ་ཞིག་བྲིས་ན་འང། རྒྱག་རེས་ཤོར་བའི་ཡི་གེ་ཞིག་ཡིན་ནའང་རེད། མྱ་ངན་སྐབས་ཀྱི་ཡི་གེ་ཞིག་ཡིན་ནའང། ཚོར་བ་ཤུགས་ཆེན་པོའི་ཐོག་ནས་མགྱོགས་པོ་བྲིས་ནས། ལམ་སང་མ་གཏོང་ཟེར་གྱི་ཡོད་པ་རེད། མཚན་གཅིག་ལ་ཡི་གེ་དེའི་ཐོག་ཉོལ་ཟེར་གྱི་ཡོད་པ་རེད། སང་ཉིན་སེམས་པ་ཅུང་ལྷོད་ལྷོད་ཆགས་དུས་ག་རེ་བྲིས་འདུག་ཡང་བསྐྱར་ཀློག་དགོས་པ་རེད། གང་བྱུང་བཤད་བསྡད་ན་ཕན་པ་ལས་གནོད་ཀྱི་རེད། རྩོམ་ཡིན་ནའང་རེད། ལས་དོན་ག་རེ་ཡིན་ནའང། ད་ལྟ་ཚོགས་གཙོས་གསུངས་པ་བཞིན། རང་གཅིག་པུར་དམིགས་ནས། སོ་སོའི་འདོད་པ་ཁུངས་སུ་བཞག་ནས་སྤྱི་ཚོགས་ལ་ཕན་མདོག་བྱས་ཏེ། རྩོམ་འབྲི་བ་དང། གཏམ་བཤད་བྱས་ན་དཀྲུག་ཤིང་སློང་རྒྱུ་རེད། ཕུགས་རྒྱང་རིང་པོ་ལ་ཕན་གྱི་འདུག་གམ་མི་འདུག རྩོམ་ཟེར་བ་དེ་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་དགོས་པ་རེད། གོ་སོང་ཟེར་བ་ཙམ་མ་ཡིན་པར། ཉམས་ཞིབ་བྱས། ས་གནས་ས་ཐོག་ཏུ་སོང་ནས་སྐད་ཆ་དྲིས། ཞིབ་ཚགས་པོ་རྒྱུས་ལོན་བྱས། དཀའ་ལས་བརྒྱབ་ནས་འབྲི་དགོས་པ་རེད་མ་གཏོགས། ཧ་རེ་ཧུ་རེ་བྱས་ནས། ཡི་གེ་ཨོ་ཙམ་ཤེས་ཀྱི་ཡོད་པ་ཡིས་བྲིས་བཞག་ན་ཁོངས་འཁྱོལ་གྱི་མ་རེད་བསམ་གྱི་འདུག་”ཅེས་སོགས་རྩོམ་རིགས་ཀྱི་ཕྱོགས་ལ་བསམ་བློ་གཏོང་ཕྱོགས་དང། འབད་བརྩོན་དགོས་པ་དང། ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་སྐོར་ལ་བླང་དོར་གསུང་བཤད་གནང་ཡོད་པ་རེད། །