བོད་སློབ་འཛིན་སྐྱོང་ཁོངས་ཀྱི་དགེ་རྒན་གཉིས་ལ་བྱ་དགའ།

གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་གི་ཁོངས་གཏོགས་ཀྱི་དགེ་རྒན་གཉིས་ལ་ཕྱི་ལོ་༢༠༠༨ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་དགེ་རྒན་གྱི་གཟེངས་རྟགས་འོས་མིའི་ནང་དུ་འདེམས་ཐོན་བྱུང་ཡོད་པ་དང། ཕྱི་ཟླ་༩ ཚེས་༥ ཉིན་རྒྱ་གར་གྱི་རྒྱལ་ས་དྷི་ལིར་དགེ་རྒན་དུས་ཆེན་དང་སྟབས་བསྟུན་ནས་རྒྱ་གར་གྱི་སྲིད་འཛིན་གཞོན་པས་བྱ་དགའ་གསོལ་རས་གནང་རྒྱུ་ཡིན་པ་རེད།
དགེ་རྒན་དེ་གཉིས་ནི་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་ཆགས་སུ་ཡོད་པའི་མོན་གྷོ་དབུས་བོད་སློབ་འཛིན་སྐྱོང་སློབ་གྲྭའི་སྔོན་འགྲོའི་དགེ་རྒན་རིན་ཆེན་སྒྲོལ་མ་ལགས་དང། འབྲིང་རིམ་སློབ་གྲྭའི་དགེ་རྒན་སཱ་ཐི་ཡ་པར་ཀ་ཤི་གཉིས་ཡིན་པ་དང། ཁོང་གཉིས་ཀྱི་སློབ་ཁྲིད་བྱེད་ཡུལ་ཡང་སློབ་གྲྭ་དེ་རང་དུ་ཡིན་པ་རེད། བྱ་དགའ་ལ་དངུལ་གྱི་རྟགས་མ་གཅིག་དང། ཕྱག་ཁྱེར་གཅིག ཧིན་སྒོར་༢༥༠༠༠ བཅས་ཡོད་འདུག
སྤྱིར་རྒྱ་གར་གྱི་དགེ་རྒན་དུས་ཆེན་དང་འབྲེལ་བྱ་དགའ་གནང་སྲོལ་དེ་ནི། མཚན་ཉིད་རིག་པ་བ་དང་སྙན་གྲགས་ཅན་གྱི་དགེ་རྒན་གནང་མྱོང་མཁན། རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཨེསི་ར་དྷ་ཀི་རི་ཤ་ནན་མཆོག་ལ་གུས་བཀུར་མཚོན་ཆེད་དུ། ཕྱི་ལོ་༡༩༥༨ ལོའི་ཟླ་༩ ཚེས་༥ ཉིན་མོ་ནས་དར་བ་ཞིག་ཡིན་པ་རེད།།