སླར་ཡང་ཤར་ཏུར་ཀི་སི་ཐན་དུ་གྱེན་ལངས་བྱས་འདུག

ཟླ་འདིའི་ཚེས་༤ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཧན་མི་རིགས་དང་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་མི་རིགས་གཉིས་དབར། ཟླ་བ་༧ པའི་ནང་བྱུང་བའི་མི་གསོད་གྱོད་གཞིའི་རྩོད་རྙོག་དེའི་འོག་ནས་ད་ལྟའི་བར་ལྷིང་འཇགས་ཡོང་ཐུབ་མེད་པ་དང༌། ཉེ་སྔོན་སླར་ཡང་མི་རིགས་གཉིས་ཕྱོགས་ཁག་གཉིས་སུ་གྱེས་ནས་གྱེན་ལངས་བྱེད་སྐབས། དུག་ཁབ་དང་གྲི་སོགས་ཀྱིས་འཁྲུག་འཛིང་བྱས་ཏེ་མི་གྲངས་༤༧༦ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
དེ་ཡང་ཤར་ཏུར་ཀི་སི་ཐན་གྱི་གྲོང་ཁྱེར་ཨུ་རུ་མུ་ཆུ་ནས་བྷི་བྷི་སིའི་གསར་འགོད་པས་གནས་ཚུལ་སྤེལ་བ་ལྟར་ན། གྲོང་ཁྱེར་དེར་གྱེན་ལངས་བྱེད་མཁན་མི་སྟོང་ཕྲག་མང་པོ་བྱུང་ཡོད་པའི་ནང༌། རྒྱ་ནག་ཧན་མི་རིགས་༢༠༠༠ ཙམ་ཡོད་པ་དང་དེ་དག་ལ་སྐོར་སྲུང་བས་མཚོན་ཆ་རང་འགྲིག་གིས་སྲུང་སྐྱོབ་བྱེད་བཞིན་འདུག་ཅེས་དང༌། ཐེངས་འདིའི་གྱེན་ལངས་ཀྱི་རྐྱེན་རྩ་གཙོ་བོ་ཟླ་བ་༧ པའི་ནང་བྱུང་བའི་མི་གསོད་ཀྱི་གྱོད་གཞིའི་འཁོན་འཛིན་དེ་ཡང་ནས་ཡང་དུ་ལངས་ཀྱི་ཡོད་པ་དང༌། ཉེ་སྔོན་སླར་ཡང་མི་རིགས་གཉིས་ཀྱིས་འཐབ་འཁྲུག་བྱས་ཏེ། དུག་ཁབ་དང་གྲི་སོགས་མཚོན་ཆ་བེད་སྤྱད་ནས་མི་གྲངས་༤༧༦ ཙམ་ལ་རྨས་སྐྱོན་ཕོག་ཡོད་པའི་ནང༌། མི་གྲངས་མང་པོ་ཞིག་རྒྱ་ནག་ཧན་མི་རིགས་ཆགས་ཡོད་པ་དང༌། གྱེན་ལངས་འདི་ནི་མི་རིགས་གཉིས་ཀྱི་འཁོན་འཛིན་གྱི་གནད་དོན་ཡིན་པས། ད་དུང་ཡང་ཡུལ་མི་ཚོས་རང་ཉིད་ཀྱི་བདེ་འཇགས་ལ་གདེང་ཚོད་མེད་པའི་ཐོག་ནས་གནས་ཡོད་པ་རེད་ཅེས་བརྗོད་ཡོད་པ་རེད།
ཨུ་རུ་མུ་ཆུ་གྲོང་ཁྱེར་དུ་ཡོད་པའི་རྒྱ་རིགས་ཚོས་ས་གནས་དམར་ཕྱོགས་ཚོགས་པའི་དཔོན་རིགས་མཐོ་ཤོས་ཝན་ལི་ཆུན་གྱིས། རྒྱ་མི་རིགས་ཚོ་སྲུང་སྐྱོབ་བྱེད་ཀྱི་མེད་པས་ལས་གནས་ནས་ཕྱིར་ཕུད་གཏོང་དགོས་པའི་བསམ་ཚུལ་ཤོད་ཀྱི་ཡོད་ཀྱང༌། ཁོ་ནི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་ཉེ་པོ་ཡིན་པས་གྲུབ་འབྲས་ཐོན་མི་སྲིད་པའི་བསམ་ཚུལ་འཛིན་མཁན་ཡང་བྱུང་ཡོད་པ་རེད།
གསར་འགྱུར་དབྱེ་ཞིབ་པ་ཚོས། སྤྱིར་ཤར་ཏུར་སི་ཐན་དང་རྒྱ་ནག་གཉིས་དབར་འཁྲུག་རྩོད་དང་གྱེན་ལངས་སོགས་མང་པོ་བྱུང་མྱོང་ཡོད་ཀྱང༌། ༢༠༠༩ ལོའི་གྱེན་ལངས་དེ་ནི་རྒྱ་ནག་ལ་ཉེན་ཁ་ཆེ་ཤོས་ཆགས་ཡོད་པ་དང༌། ད་དུང་ཡང་གྱེན་ལངས་འདི་མུ་མཐུད་ན་རྒྱ་ནག་གཞུང་ལ་དུས་ཚོད་ངན་པ་གཅིག་དང་ཁེལ་ཡོད་ལ། གྱེན་ལངས་པ་ཚོར་ཉེན་ཁ་ཤིན་ཏུ་ཆེན་པོ་ཡོན་པའི་འགྲེལ་བརྗོད་བྱས་ཡོད། གང་ཡིན་ཞེ་ན། རྒྱ་ནག་དབུས་གཞུང་གིས་དམར་ཕྱོགས་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༦༠ འཁོར་བའི་དུས་སྟོན་ཆེན་པོ་ཞིག་ས་ཕྱོགས་གང་སར་གྲ་སྒྲིག་བྱེད་བཞིན་ཡོད་པས། སྐབས་དེར་གྱེན་ལངས་བ་ཡུ་གུར་མི་རིགས་ཚོར་ཧ་ཅང་ཉེན་ཁ་ཆེན་པོ་ཡོད་ཚུལ་བརྗོད་ཡོད་པ་རེད།    
ད་དུང་ཤར་ཏུར་ཀི་སི་ཐན་གྱི་ཡུལ་མི་ཚོས། རྒྱ་ནག་ཧན་མི་རིགས་ཤར་ཏུར་ཀི་སི་ཐན་དུ་གནས་སྤོ་བྱེད་མཁན་བརྒྱ་ཆ་༤༠ ལྷག་ཙམ་ཟིན་གྱི་ཡོད་པས། ཡུལ་དེའི་རིག་གཞུང་དང་གོམས་སྲོལ། དཔལ་འབྱོར་མཁོ་སྒྲུབ་བྱེད་ཕྱོགས་བཅས་ལ་དཀའ་ངལ་འཕྲད་བཞིན་པའི་ཐོག རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཟླ་སྔོན་མར་ཤར་ཏུར་ཀི་སི་ཐན་དུ་ཡོང་སྐབས། ཧན་མི་རིགས་ཚོ་ནུས་ཤུགས་ཆེན་པོ་ཆགས་ཐབས་སུ་གཅིག་སྒྲིལ་བྱེད་དགོས་པའི་སྐུལ་མ་བཏང་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།།