བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་ཚོགས་དུས་བརྒྱད་པ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུ་བརྒྱད་པ་དེ་ཟླ་འདིའི་ཚེས་༧ ཉིན་དབུ་འཛུགས་གནང་ཡོད་པ་དང། སྐབས་འདིའི་ཚོགས་དུས་ཐོག་གཙོ་བོ་བཙན་བྱོལ་བོད་གཞུང་གི་༢༠༠༨ ལོའི་ལས་བསྡོམས་ཐོག་བགྲོ་གླེང་གནང་གི་ཡོད་པ་རེད།
དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་ཚོགས་དུས་བརྒྱད་པ་དེ་བཙན་བྱོལ་བོད་གཞུང་གི་བསྟི་གནས་དྷ་རམ་ས་ལའི་གངས་སྐྱིད་གྲོས་ཚོགས་ཚོགས་ཁང་དུ་ཟླ་འདིའི་ཚེས་༧ ཞོགས་པ་ཆུ་ཚོད་༩།༣༠ ཐོག་ཚོགས་འདུ་དབུ་འཛུགས་གནང་བ་དང། ཚེས་༡༧ བར་དུ་འཚོག་འཆར་ཡོད་པ་རེད། དང་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་རྗེས་སུ་གྲོས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་འདུ་དབུ་འབྱེད་གསུང་བཤད་གནང་སྐབས། འདས་པའི་ལོ་ལྔ་བཅུའི་རིང་བོད་མི་རྣམས་ཀྱིས་སྙིང་སྟོབས་ཞིམ་མེད་དང། རང་སྲོག་བློས་གཏོང་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཆེད་འབད་བརྩོན་བྱས་པ་ལ་གུས་འདུད་ཞུ་རྒྱུ་དང། མུ་མཐུད་གནས་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། རྒྱ་ནག་གིས་ཕྱི་རྒྱལ་གྱི་སྐུ་ཚབ་མང་པོ་བོད་ནང་དུ་གདན་འདྲེན་ཞུ་ཡི་ཡོད་པ་དེ། རྒྱལ་སྤྱིའི་ནང་བོད་མིའི་གནས་སྟངས་འཁྱོག་བཤད་བྱེད་རྒྱུའི་ཆེད་དུ་ཡིན་པར་ངོས་འཛིན་བྱས་ཆོག་ཞིག་རེད་ཅེས་དང། གྲོས་ཚོགས་ཚོགས་དུས་བདུན་པའི་རྗེས་ནས་བོད་མི་གནས་སྡོད་བྱེད་སའི་ས་གནས་ཁག་ཆེད་བགོས་ཀྱིས་སྤྱི་འཐུས་རྣམས་མི་མང་གི་གནས་སྟངས་ལ་གཟིགས་ཞིབ་གནང་དུ་ཕེབས་ཡོད་པ་རེད། དེའི་སྐབས་ས་གནས་ཀྱི་གནས་སྟངས་དང། མི་མང་གི་བཀའ་འདྲི་བྱུང་བ་རྣམས་འཛིན་སྐྱོང་ལ་སྙན་སེང་ཞུས་པ་དེ་ཚོར་ལན་འདེབས་གནང་ཡོད་པས། དེའི་སྐོར་ལ་ད་དུང་དོགས་འདྲི་ཡོད་ན་གོ་སྐབས་ཕུལ་རྒྱུ་ཡིན་པའི་སྐོར་དང། ད་ཐེངས་ཀྱི་ཚོགས་དུས་གཙོ་བོ་གཅིག་བཙན་བྱོལ་བོད་གཞུང་གི་༢༠༠༨ དང་༢༠༠༩ ལོའི་ལས་བསྡོམས་ཐོག་བགྲོ་གླེང་གནང་དགོས་པ་རེད། དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱད་པའི་དགོངས་དོན་བཞིན་བོད་མི་ཕྱི་རྒྱལ་མི་དང་གཉེན་སྒྲིག་བྱས་པ་ཡིན་ན། བོད་ཀྱི་ཡུལ་མི་བྱེད་རྒྱུའི་སྒྲིག་གཞི་གཏན་འབེབས་བྱེད་སྟངས་ཀྱི་ཚོགས་ཆུང་འཛུགས་སྟངས་ཀྱི་སྐོར་དང། ལས་བྱེད་རྣམས་ལ་གཟེངས་རྟགས་སྤྲོད་ཕྱོགས་སྐོར་གྱི་སྒྲིག་གཞི་ལེགས་བཅོས་བྱེད་སྟངས་བཅས་ལ་བགྲོ་གླེང་གནང་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་པ་རེད།
དེ་རྗེས་ལོ་འདིར་འདས་གྲོངས་སུ་སོང་བའི་བོད་མི་མང་སྤྱི་འཐུས་ཟུར་པ་དགོན་ཤར་བཀྲ་ཤིས་དབང་འདུས་ལགས་དང། རྒྱ་གར་ཨན་དྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་བོད་དོན་རྒྱབ་སྐྱོར་བ་Yedugure Sandinte Rfjasekhara Reddy ལགས། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་Senator Edward M. Kennedy ལགས་བཅས་སྐུ་ཚེའི་འཕེན་པ་རྫོགས་པར་གཞུང་འབྲེལ་གྱི་མྱ་ངན་གོས་ཆོད་བཞག་པ་དང། མྱ་ངན་གུས་འདུད་ཞུས་སོང། ཚོགས་དུས་ཉིན་དང་པོའི་ཐོག་བཀའ་བློན་རྣམ་པས་༢༠༠༨ ལོའི་ལས་བསྡོམས་སྒྲོགས་སྦྱང་གནང་གི་ཡོད་པ་རད།།
