མ་ཤི་བར་དུ་བོད་ཅེས་པའི་མིང་དེ་མ་བརྗེད་པ་བྱེད་དགོས་པ་རེད།

ཟླ་འདིའི་ཚེས་༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བོད་མི་ཆེད་ལས་པ་བཞི་བཅུ་ཙམ་གྱིས་ྋགོང་ས་མཆོག་དང། བཀའ་བློན་ཁྲི་པ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང།   སྐབས་དེར་ྋགོང་ས་མཆོག་གིས་ཁྱེད་རང་ཚོས་བོད་པ་ཡིན་པ་བརྗེད་རྒྱུ་མེད་པ་དང། བོད་པའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་དེ་བརླག་མི་ཉན་པའི་སྐོར་གྱི་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།
ྋགོང་ས་མཆོག་གིས་བཀའ་སློབ་གནང་དོན། “ང་ཚོ་བཙན་བྱོལ་བ་བྱས་ནས་ལམ་སང་ཐག་གཅོད་ཡོང་ཐུབ་མེད་པ་དང། དུས་ཡུན་རིང་པོ་ཞིག་འགོར་རྒྱུ་ཡིན་པས། དེའི་ནང་ནས་གལ་ཆེ་ཤོས་སློབ་སྦྱོང་བྱས་པ་རེད། དེའི་སྐབས་ས་བོན་བཏབ་བཞག་པ་དེའི་འབྲས་བུ་ཁྱེད་རང་ཚོ་རེད། ཡག་པོ་རེད། ང་ཚོ་ལུང་པ་གང་དུ་བསྡད་ནའང། ཤ་ཁྲག་རུས་གསུམ་བོད་ནས་ཆད་པ་རེད། མ་ཤི་བར་དུ་བོད་ཅེས་པའི་མིང་དེ་མ་བརྗེད་པ་བྱེད་དགོས་པ་རེད། ང་ཚོ་བོད་ལ་བསམ་བློ་བཏང་ན། རིག་གཞུང་ཡོད་པ། ཡི་གེ་ཡོད་པ། ཡིག་ཐོག་ཏུ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་ཕྱུག་པོ་ཡོད་པ་ཞིག་རེད། འཛམ་གླིང་འདིའི་ཐོག་ཤེས་མཁན་ཚོས་དཔལ་ནཱལེནྡྲའི་ཆོས་བརྒྱུད་དེ་ཆ་འཇོག་བྱེད་ས་ཞིག་ཆགས་བསྡད་ཡོད་པ་རེད། ལྷག་པར་དུ་ཁ་སང་དེ་རིང་ཚན་རིག་པ་ཚོས་ནང་དུའང་བོད་ཀྱི་ནང་ཆོས་ནས་སེམས་ཀྱི་རྣམ་བཞག་དེ་ཚོར་འགྲེལ་བཤད་རྒྱག་སྟངས་ཀྱིས་སེམས་ཕྲོགས་ནས། ཚན་རིག་པ་ཚོས་སེམས་ཀྱི་ཐོག་ལ་འགྲེལ་བཤད་དེ་བོད་ཀྱི་ནང་ཆོས་ཀྱི་ནང་ནས་སློབ་སྦྱོང་ལེན་པ་དང། བློ་སྐྱེད་ལེན་པ་བྱེད་ཀྱི་འདུག ཚན་རིག་པ་ཚོ་ལས་སླ་བོ་མ་རེད། སྤྱིར་བཏང་ཞིག་གིས་ཡིད་འཕྲོག་གི་མ་རེད། རྒྱུ་མཚན་གྱིས་ཡིད་ཕྲོགས་ཀྱི་ཡོད་པ་རེད། སྤྱིར་བཏང་འཛམ་གླིང་ཐོག་ཏུ་ནང་པ་ཡོད་ས་མང་པོ་ཡོད་པ་རེད་མོད། རྒྱ་ནག་ལ་ཆ་བཞག་ན། ཐེག་ཆེན་གྱི་ཆོས་བརྒྱུད་གཅིག་པ་ཆགས་བསྡད་ཡོད་པ་རེད། ཡིན་ནའང་རྒྱ་ནག་ནང་གི་ནང་པ་ཚོའི་འཁྲིས་ནས་ཚན་རིག་པས་བློ་སྐྱེད་བླངས་པ་ངས་གོ་མ་སོང། ཕལ་ཆེར་མི་འདུག བོད་པ་གཅིག་པུ་རེད། དེ་ཚོ་བོད་པའི་གཟི་བརྗིད་རེད། བོད་མི་རིགས་ལ་ཆ་བཞག་ནའང། འདས་པའི་ལོ་ལྔ་བཅུ་དྲུག་ཅུའི་རིང་ལ་ཇི་ཙམ་རྒྱ་ནག་གིས་འཇམ་རྩུབ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་བྱས་ནའང། བོད་པའི་བསམ་བློ་འགྱུར་བ་གཏོང་ཐུབ་ཀྱི་མི་འདུག བོད་མི་རིགས་གངས་ཅན་པ་ཞེས་པ་དེ་སྐྱོ་པོ་ཞིག་མ་རེད། ཁྱེད་རིང་ཚོ་དེ་འདྲའི་མི་རིགས་ཤིག་གི་ཤ་ཁྲག་གིས་གྲུབ་ཡོད་པ་རེད། མ་ཤི་བར་དུ་བོད་པ་ཡིན་པ་མ་བརྗེད་པ་གྱིས་”ཞེས་གསུངས་ཡོད་པ་རེད།
ྋགོང་ས་མཆོག་གིས་མུ་མཐུད་གསུང་དོན། “བོད་པའི་ཁྱད་ཆོས་དང་སྤོབས་པའི་བྱེད་རྒྱུའི་གཞི་དེ་ཕལ་ཆེར་ནང་པའི་ལྟ་གྲུབ་རེད་འདུག དེ་ལ་དོ་སྣང་གང་ཐུབ་བྱེད་དགོས་པ་རཻད། བོད་པའི་ཆོས་དང་རིག་གཞུང་ལ་ཏོག་ཙམ་གོ་བ་ཆགས། ཏོག་ཙམ་སོ་སོའི་སེམས་ནང་བྲོ་བ་བྱུང་ན། བོད་པ་མཚན་ཉིད་ཚང་བ་ཞིག་ཡོང་གི་རེད། དེང་དུས་ཀྱི་ཤེས་ཡོན་རྐྱང་རྐྱང་མ་གཏོགས་བོད་པའི་དེ་མེད་ན། བོད་པ་ཕྱེད་ཀ་ལྟ་བུ་རེད། དེང་དུས་ཀྱི་ཤེས་ཡོན་ཡོད་པ་དང་སོ་སོ་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་བྱེད་ཐུབ་ན། སོ་སོ་སྒེར་ལ་ཆ་མཚོན་ནའང། སེམས་སྐྱིད་ལུས་བདེ། ཚེ་ཕྱི་མ་ཡིན་ནའང་ཕན་ཐོགས་པ། སྤྱི་ཚོགས་ནང་དུ་ཆ་འཇོག་བྱེད་ས་ཞིག་ཡོང་གི་རེད། སྔོན་མ་ནུའུ་ཡོག་ཏུ་མི་ཚང་ཞིག་གིས་ཨ་སྒོར་སྟོང་ཕྲག་ཅིག་བོད་པ་ཞིག་གི་ལག་པར་བསྐུལ་འདུག་ངས་ངོ་ཤེས་པ་ཞིག་གི་ཟེར་གྱི་འདུག བོད་པ་ཟེར་དུས་མགོ་སྐོར་གཏོང་གི་མ་རེད། ཧམ་པ་བཤད་ཀྱི་རེད་བསམ་ནས་ཡིད་ཆེས་བྱས་ཏེ། དངུལ་དམར་རྐྱང་ལ་བསྐུལ་བཞག་པ་རེད་ཟེར། སྔོན་མ་ལིའུ་ཏི་ཨ་ན་ནས་བོད་མི་ཚོས་བལ་གོས་ཚོང་རྫས་ལེན་སྐབས་དངུལ་ཁ་ཐུག་ལ་སྤྲོད་མི་དགོས་པར། རྗེས་སུ་བཙོང་ཚར་དུས་སྤྲོད་ཀྱི་ཡོད་པ་རེད། དེ་འདྲ་བློ་གཏོད་ས་མེད་ན་བྱེད་ཀྱི་མ་རེད། དེང་སྐབས་བོད་པའི་སྤུས་ཚད་ཏོག་ཙམ་སྐྱོ་རུ་འགྲོ་ཡི་ཡོད་ས་རེད། བོད་པའི་སྐྱག་རྫུན་བཤད་ཀྱི་འདུག་ཟེར་བ་ཏོག་ཙམ་གོ་ཡོང་གི་འདུག དེ་ཚོ་ང་ཚོས་ཤེས་དགོས་པ་རེད། ཁྱེད་རང་ཚོ་ཤེས་ཡོན་ཡོད་པ། རིགས་གཅིག་རྐང་འཛིན་དང་ཆེད་ལས་པ་གང་འཚམས་སླེབས་ཡོང་སྐབས། བོད་པའི་སྤུས་ཚད་སྐྱག་རྫུན་མི་བཤད་པ། དྲང་པོ་བྱེད་མཁན། བློ་གཏོད་ཆོག་ས་བྱེད་རྒྱུ་དེ་ཁྱེད་རང་ཚོས་གལ་ཆེན་པོར་བརྩི་དགོས་པ་རེད་ཅེས་དང། ཁྱེད་རང་ཚོ་ཆེད་ལས་པ་ཞིག་ལ་ཆ་མཚོན་ནའང། ཁྱེད་ཚོས་བོད་མི་ཚང་མའི་ངོ་ཚབ་བྱས་ཏེ་ལས་ཀ་བྱེད་དགོས་པ་དེ་གལ་ཆེན་པོ་རེད། མི་རིགས་གཞན་ཚོས་ཀྱང་བོད་མི་དེ་ཚོ་དྲང་པོ་དང༌། ཡིད་ཆེས་བློས་འགེལ་བྱེད་ས་ཞིག་ཏུ་བརྩི་ཡི་ཡོད་པ་རེད་”ཅེས་བཀའ་སློབ་གནང་ཡོད་པ་རེད།
བོད་མི་ཆེད་ལས་པ་དེ་ཚོའི་ནང་ཁྲིམས་རྩོད་པ་དང་སྨན་པ། འཛིན་སྐྱོང་གི་ཐོག་ཆེད་ལས་ཐོན་མཁན་སོགས་ཡོད་འདུག་ལ། ཁོང་ཚོར་བོད་མིའི་ཆེད་ལས་པ་རྣམས་ཀྱི་བར་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་འཆར་གཞི་ཡང་ཡོད་འདུག།།