སྐྱིད་གྲོང་དུ་ཚོང་གི་ལྟེ་གནས་འཛུགས་འཆར།
ཟླ་འདིའི་ཚེ་༤ ཉིན་རྒྱ་ནག་དྲ་རྒྱའི་བརྒྱུད་ལམ་ཞིག་ཏུ་གནས་ཚུལ་སྤེལ་ལྟར་ན། བོད་ནང་གི་སྐྱིད་གྲོང་དུ་རྒྱ་ནག་གི་ཚོང་སྒོ་གསར་པ་ཞིག་ཕྱེ་རྒྱུ་ཡིན་པ་དང༌། དེ་ནི་བལ་བོད་རྒྱལ་མཚམས་འགྲམ་གྱི་རྗེས་སུ་ཚོང་གི་ལྟེ་གནས་ཆེ་ཤོས་སུ་ཆགས་རྒྱུ་ཡིན་འདུག
ཟླ་འདི་ཕྱི་ཚེས་༣ ཉིན་གཞིས་ཀ་རྩེ་ལ་རྒྱ་ནག་དང་བལ་ཡུལ་གྱི་ཚོང་འབྲེལ་ཡར་རྒྱས་ཀྱི་ཚོགས་འདུ་ཞེས་པ་ཉིན་ལྔའི་འཚོགས་ཡོད་པ་དང༌། སྐབས་དེར་བལ་ཡུལ་གཞུང་འབྲེལ་སྐུ་ཚབ་རྣམས་ཀྱིས་ཚོང་འབྲེལ་ཡར་རྒྱས་གཏོང་བའི་མོས་འཐུན་གྲོས་གཞི་ལ་ས་ཡིག་བཀོད་པ་དང༌། ཚོགས་འདུ་དེ་ལོ་ལྟར་འཚོག་རྒྱུའི་གྲོས་ཆོད་ཀྱང་བཞག་ཡོད་འདུག ཕྱི་ཚེས་༦ ཉིན་བོད་གནས་བསྐྱར་ཞིབ་ཀྱི་དྲ་རྒྱའི་ཐོག་ཏུ་འཁོད་དོན་ལྟར་ན། བྱམས་པ་ཕུན་ཚོགས་ཀྱིས། སྐྱིད་གྲོང་ནི་ས་མཚམས་ཀྱི་ཚོང་གི་ལྟེ་གནས་ཆེ་ཤོས་གཉིས་པ་དེར་ཆགས་རྒྱུར་རེ་བ་ཡོད་ཅེས་བརྗོད་ཡོད་འདུག ཕྱི་ལོ་༢༠༠༨ ལོར་རྒྱ་གཞུང་གི་ཕྱི་ཚོང་དང་ནང་ཚོང་ཆེད་རྒྱ་སྒོར་ས་ཡ་༥་༥༧ ཙམ་གྱིས་ལས་འཆར་དོ་དམ་བྱས་ཡོད་སྐོར་འཁོད་ཡོད་པ་རེད། ཤིན་ཧཱ་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་བལ་གཉིས་ཀྱི་ཚོང་འབྲེལ་ཡར་རྒྱས་ཞེས་པའི་གྲོས་ཆོད་ནང་བོད་ཕྱོགས་ནས་སྐུ་གསུང་ཐུགས་རྟེན་སོགས་ཕྱིར་ཚོང་གཏོང་རྒྱུ་དང་བལ་ཡུལ་ནས་རང་བྱུང་ཐོན་རྫས་དང་ཟས་རིགས རི་མོའི་བྲིས་ཐང༌། རྐོས་ཐང་སོགས་ཚོང་གཉེར་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད། །