གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་བས་གློ་བུར་དུ་གྲོལ་དགོས་བྱུང་བ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་ཉིད་ཟླ་འདིའི་ཕྱི་ཚེས་༧ ཉིན་དབུ་འཛུགས་ཀྱིས་༡༩ བར་ཚོགས་འདུ་འཚོགས་བཞིན་ཡོད་པ་དང༌། ཚོགས་འདུ་འཚོགས་ནས་ཉིན་དྲུག་པ་རེས་གཟའ་སྤེན་པའི་ཉིན་གྱི་ཉིན་གུང་གསོལ་ཚིགས་རྗེས་ཆུ་ཚོད་༡།༣༠ ཐོག་གྲོས་ཚོགས་འཚོགས་པའི་སྐབས་གྲུབ་ཆ་མ་ཚང་བར་ཚོགས་འདུ་དུས་ཐོག་འགོ་འཛུགས་མ་ཐུབ་པར་སྒུག་དགོས་བྱུང་ཡོད་པ་དང༌། གྲུབ་ཆ་ལོངས་ཙམ་བྱུང་བའི་རྗེས་ཚོགས་འདུ་དབུ་བཙུགས་ནས་སྤྱི་འཐུས་རྣམས་ས་བགོས་ས་གནས་ཁག་ཏུ་བསྐྱོད་པའི་ལས་བསྡོམས་ལ་དབུས་ལས་ཁུངས་ཁག་ནས་ལན་འདེབས་གནང་བའི་ཐོག་བསྐྱར་དུ་དྲི་བ་དང༌། དོགས་གཅོད་ཞུ་རྒྱུའི་ལས་རིམ་འགྲོ་བཞིན་པའི་སྐབས་སྤྱི་འཐུས་རེ་ཟུང་ཞིག་གྲོས་ཚོགས་ཀྱི་ཕྱི་ལ་འཆམ་འཆམ་དུ་སོང་ནས་གྲོས་ཚོགས་ཀྱི་གྲུབ་ཆ་མི་ཚང་བར་གྱུར་ཡོད་ཀྱང༌། མུ་མཐུད་དུ་ལས་རིམ་སོང་ཡོད་པ་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་དགུ་པའི་ནང་གསེས་དོན་ཚན། ༡༽ སྤྱི་འཐུས་ལྷན་ཚོགས་དང༌། དེའི་རྒྱུན་ལས་གཉིས་ཀར་སོ་སོའི་སྤྱི་འཐུས་རྩ་འབོར་གྱི་སུམ་ཆ་གཉིས་འཛོམས་ན་རང་རང་གི་ལས་དོན་བྱེད་པའི་དབང་ཆ་ཡོད། འོན་ཀྱང་སྤྱི་འཐུས་རྩ་འབོར་ཆ་བགོས་སྐབས་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས། ཞེས་དང༌། དོན་ཚན། ༢༽ སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་བར་ཚོགས་འདུ་ཉིན་གྲངས་བདུན་ལྷག་པར་འཕར་འགྱངས་བྱེད་དགོས་བྱུང་ན་ཁྲིམས་ལུགས་ལྟར་༧གོང་ས་༧སྐྱབས་མགོན་ཆེན་པོར་༧སྙན་སེང་དང་སྦྲགས་ངོ་ཡོད་ཚོགས་གཙོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ། ཞེས་འཁོད་པ་བཞིན་སྤྱི་འཐུས་གཅིག་གིས་ལས་རིམ་རྣམ་གཞག་གི་ཐོག་ནས་ཚོགས་གཙོ་མཆོག་ལ་ཚོགས་འདུའི་གྲུབ་ཆ་ལོངས་མི་འདུག་པས་ཚོགས་འདུ་མུ་མཐུད་འགྲོ་ཆོག་གམ་ཞེས་བརྗོད་པ་དང༌། ཚོགས་གཙོ་དང་ཚོགས་དྲུང་གིས་སྤྱི་འཐུས་གྲངས་བཤེར་བྱེད་པའི་སྐབས་གྲུབ་ཆ་མ་ཚང་བར་ཕྱི་ཚེས་༡༢ རེས་གཟའ་སྤེན་པའི་ཉིན་གྱི་ཕྱི་དྲོ་ཆུ་ཚོད་༤ པ་མ་ཟིན་ཙམ་གྱི་སྐབས་ཚོགས་འདུ་གློ་བུར་དུ་མི་གྲོལ་ཀ་མེད་བྱུང་ཡོད་པ་རེད། ད་ལྟའི་ཆར་གྲོས་ཚོགས་སུ་སྤྱི་འཐུས་༤༣ ཡོད་པས་རྩ་འབོར་གྱི་སུམ་ཆ་གཉིས་དེ་༢༨ ཡིན་པ་དང༌། དེ་མ་ཚང་ན་ལས་དོན་བྱེད་པའི་དབང་ཚད་གཏན་ནས་མེད་པ་རེད༎