ཐེ་ཝན་སྲིད་འཛིན་ཟུར་པ་བཟའ་ཚོ་གཉིས་ལ་ཚེ་བཙོན་གྱི་ཁྲིམས་ཆད།
ཟླ་འདིའི་ཚེས་༡༡ ཉིན་བྷི་བྷི་སིའི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ཁྲིན་ཧྲུ་པེན་གྱིས་སྲིད་འཛིན་གྱི་ལས་ཁུར་གནང་ཡུན་རིང་ཨ་སྒོར་ས་ཡ་༡༥ ལྐོག་ཟ་བྱས་པ་དང། ཁོང་གི་བཟའ་ཟླས་ཁྱོ་གའི་ནག་ཉེས་འགེབ་སྲུང་དང་ལྐོག་ཟའི་ངན་ཇུས་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག ཐེའ་པེ་ཁྲིམས་ཞིབ་ཁང་ནས་བཟའ་ཚོ་གཉིས་ཀར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་ཁྲིམས་ཞིབ་ཁང་གི་མགྲིན་ཚབ་པས། ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ཁྲིན་ཧྲུ་པེན་གྱིས་༢༠༠༢ ནས་༢༠༠༨ བར་འཛིན་སྐྱོང་གི་ལས་ཁུར་གནང་ཡུན་རིང། ལྐོག་རྔན་བླངས་པ་དང་ཧམ་ཟ་བྱས་པ། ལྐོག་ཟ་བྱས་པ་སོགས་ཁྱོན་བསྡོམས་ན་ཨ་སྒོར་ས་ཡ་༡༥ ཟོས་ཡོད་ཅིང། བཟའ་ཟླ་ལྐོག་ཟའི་གྱོད་གཞི་དང་འབྲེལ་བ་ཆེན་པོ་ཡོད་པས། བཟའ་ཚོ་གཉིས་ཀྱིས་རྒྱལ་ཁབ་ཀྱི་ལས་དོན་ལ་གནོད་ཆེན་པོ་བསྐྱལ་ཡོད་པར་བརྟེན། ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད་ཅེས་གསལ་བསྒྲགས་བྱས་ཡོད་པ་རེད།
ཡིན་ནའང་ད་ལྟའི་ཐེ་ཝན་གྱི་འཛིན་སྐྱོང་གོ་མིན་ཏང་ཆབ་སྲིད་ཚོགས་པས། རྒྱ་ནག་སྐམ་ས་ཆེན་མོ་དང་ཚོང་འབྲེལ་བརྟན་པོ་དང་རྒྱུན་གནས་ཐུབ་ཐབས་སུ། རྒྱ་ནག་དབུས་གཞུང་ལ་ངོ་རྒོལ་བྱེད་མཁན་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པ་དང། ཐེ་ཝན་རང་བཙན་རྩོད་མཁན་སོགས་ལ་ཧ་ཅང་དམ་བསྒྲགས་བྱེད་ཀྱི་ཡོད་པས། ཉེ་དུས་སྲིད་འཛིན་ཟུར་པ་ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དེར། ཁོང་གི་རྒྱབ་སྐྱོར་བ་ཚོས་དྲང་བདེན་གྱི་ཁྲིམས་ཆད་མིན་པར་རྒྱ་ནག་གི་གནོན་ཤུགས་འོག་ནས་ཆབ་སྲིད་ཀྱི་ནག་ཉེས་བཀལ་ཡོད་ཚུལ་གྱིས་ངོ་རྒོལ་བྱེད་བཞིན་ཡོད་པ་རེད།
སྲིད་འཛིན་ཟུར་པའི་རྒྱབ་སྐྱོར་བའི་མགྲིན་ཚབ་པས། སྲིད་འཛིན་ཟུར་པ་ཁོང་ལ་ཁྲིམས་ཞིབ་བྱེད་བཞིན་པའི་སྐབས་ཁྲིམས་རྩོད་པ་བརྗེས་ཡོད་པ་དང། དེ་འདྲའི་གནས་སྟངས་འོག་ནས་ཁྲིམས་ཐག་བཅད་པ་ཁྲིམས་འགལ་རེད་ཅེས་བརྗོད་ཡོད་ན་ཡང། ད་དུང་སྲིད་འཛིན་ཟུར་པ་ཁོང་བཟའ་ཚང་གཉིས་ཀྱི་ཕྲུ་གུ་དང་ནང་མི་ཉེ་འབྲེལ། འཛིན་སྐྱོང་རྙིང་པའི་ལས་བྱེད་དང་ལས་རོགས་སོགས་ལ་ལྐོག་ཟའི་ངན་ཇུས་དང་འབྲེལ་བ་ཡོད་ཚུལ་བསྙད་དེ། ཁྲིམས་བཤེར་གྱི་ཐོག་ནས་ལོ་གྲངས་མང་ཉུང་འདྲ་མིན་གྱིས་ཁྲིམས་ཐག་བཅད་ཡོད་པ་རེད།
རྒྱལ་སྤྱིའི་གསར་འགྱུར་དབྱེ་ཞིབ་པ་ཚོས་ཕྱི་ལོ་༡༩༨༠ ལོར་ཆབ་སྲིད་ཚོགས་པ་གཅིག་གིས་ཐེ་ཝན་གཞུང་དབང་བསྒྱུར་བྱས་པའི་ལོ་རྒྱུས་མཇུག་བསྡུས་པ་དང། ༡༩༩༦ ལོ་ནས་མི་མང་གིས་ཁ་ཐུག་སྲིད་འཛིན་འོས་བསྡུ་བྱས་ནས་མང་གཙོའི་ལམ་ལ་བསྐྱོད་ཐུབ་ཡོད། དེའི་ནང་ནས་སྲིད་འཛིན་ཟུར་པ་ཁོང་དང་མང་གཙོ་ཡར་ཐོན་ཚོགས་པས། ཐེ་ཝན་གྱི་རང་བཙན་རྩོད་ཀྱི་ཡོད་པས་རྒྱ་ནག་སྐམ་ས་ཆེན་མོའི་དཔོན་རིགས་ཚོས་ཁོང་ཁྲོ་བྱེད་བཞིན་ཡོད་པ་དང། དེ་ནས་ཐེ་ཝན་འཛིན་སྐྱོང་གསར་པ་གོ་མིན་ཏང་ཆབ་སྲིད་ཚོགས་པས། རྒྱ་ནག་ལ་ངོ་དགའ་དང་རྒྱབ་སྐྱོར་བྱེད་བཞིན་པའི་དུས་དང་ཁེལ་ཡོད་པས། སྲིད་འཛིན་ཟུར་པ་ཁོང་ལ་ཁྲིམས་གཅོད་བྱས་ཡོད་པ་དེ་ནི་དྲང་བདེན་མིན་པ། རྒྱ་ནག་སྐམ་ས་ཆེན་མོའི་ཆབ་སྲིད་ཀྱི་གཡོ་སྒྱུ་དང་འབྲེལ་བ་ཡོད་ཚུལ་གྱི་སྐྱོན་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
