༧གོང་ས་མཆོག་ཉིན་ལྔ་བཅུའི་རྗེས་སུ་དྷ་སར་ཕྱག་ཕེབས།

༧གོང་ས་མཆོག་ཕྱི་ཟླ་༧ ཚེས་༢༦ ནས་བཟུང་ཕྱི་ཟླ་༩ ཚེས་༡༣ བར་ཉིན་གྲངས་ལྔ་བཅུ་ཙམ་གྱི་རིང་གི་མཛད་འཆར་གལ་ཆེན་ཁག་ཅིག་ལེགས་གྲུབ་ཀྱིས་ཟླ་འདིའི་ཚེས་༡༣ ཉིན་བཞུགས་སྒར་དུ་ཕྱག་ཕེབས་གནང་ཡོད་པ་རེད། ཉིན་ལྔ་བཅུའི་རིང་དུ་༸གོང་ས་མཆོག་དང་པོ་ཡོ་རོབ་ཀྱི་རྒྱལ་ཁབ་པཱོ་ལན་ཌི་དང་འཇར་མན། སུད་སི་བཅས་སུ་མཛད་འཆར་ལེགས་གྲུབ་བྱུང་རྗེས་རྒྱ་གར་གྱི་རྒྱལ་ས་དྷི་ལིར་ཆིབས་བསྒྱུར་དང། དྷི་ལི་ནས་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དུ་ཆིབས་བསྒྱུར་གནང་ནས་དེར་མི་མང་ལ་བཀའ་སློབ་དང་གསུང་ཆོས་གནང་བ་སོགས་མཛད་འཕྲིན་རྒྱ་ཆེན་བསྐྱངས་རྗེས། རྒྱ་གར་གྱི་རྒྱལ་ས་དྷི་ལི་བརྒྱུད་ཐེ་ཝན་དུ་ཆིབས་བསྒྱུར་གྱིས་མཚོ་རླུང་གི་གོད་ཆག་བྱུང་བའི་ཤི་གསོན་རྣམས་ལ་བསྔོ་སྨོན་གནང་བའི་མགོན་དུ་ཕེབས་རྗེས་ཕྱིར་དྷི་ལི་རུ་ཕྱག་ཕེབས་དང། དེར་མཛད་འཕྲིན་ཁག་ཅིག་བསྐྱངས་རྗེས་ཡོ་རོབ་ཀྱི་རྒྱལ་ཁབ་སི་ལོ་ཝི་ཀི་ཡ་རུ་ཆིབས་བསྒྱུར་གནང་ནས་དེར་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་གཟེངས་རྟགས་བཞེས་པ་དང། ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ཆིབས་བསྒྱུར་གྱིས་གལ་ཆེའི་མི་སྣ་དང་མཇལ་འཕྲད་སོགས་ཀྱི་མཛད་འཕྲིན་དུ་མ་བསྐྱངས་ནས་ཕྱིར་བཞུགས་སྒར་དུ་གཟི་བརྗིད་ངང་ཕྱག་ཕེབས་གནང་བ་དེར། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་རྣམས་ཀྱིས་ཕྱེ་མར་དང། སྤོས་སྣ། མེ་ཏོག མཇལ་དར་སོགས་ཁྱེར་ནས་ཕེབས་བསུ་ཟབ་རྒྱས་ཞུས་སོང།།