ྋགོང་ས་མཆོག་ཨ་རི་དང་ཁེ་ན་ཌར་ཆིབས་བསྒྱུར།

ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མིའང་ཡུལ་དེ་གཉིས་སུ་མང་ཤོས་ཆགས་ཡོད་པ་རེད། ྋགོང་ས་མཆོག་གི་ཆིབས་བསྒྱུར་འདི་དང་བསྟུན་ནས་ཚེས་༢༣ ཉིན་ཨ་རིའི་མམ་ཧྤི་ས་ཁུལ་དུ། རྒྱལ་ཁབ་མི་མང་ཐོབ་ཐང་གི་འགྲེམས་སྟོན་ཁང་ནས། རྒྱལ་སྤྱིའི་རང་དབང་གི་གཟེངས་རྟགས་ཞེས་པ་ྋགོང་ས་མཆོག་ལ་འབུལ་རྒྱུ་ཡིན་པ་དང། གཟེངས་རྟགས་དེ་འབུལ་དགོས་པའི་རྒྱུ་མཚན་འགྲེམས་སྟོན་ཁང་དེའི་ངེས་སྟོན་པ་མཁས་དབང་བྷན་ཇཱ་མན་མཆོག་ནས་ྋཏཱ་ལའི་བླ་མ་མཆོག་གིས་སྐྱབས་བཅོལ་ནང་གི་མི་ལོ་༥༠ རིང། རྒྱ་ནག་གིས་བོད་མི་རྣམས་ལ་ཡ་ང་བྲལ་བའི་མནར་གཅོད་དང་དྲང་བདེན་མ་ཡིན་པའི་སྲིད་ཇུས་དེ་དག་ལ།    ཞི་བའི་ལམ་ཁོ་ནའི་སྟེང་ནས་ངོ་རྒོལ་བྱེད་པ་དང།    དེ་བཞིན་འཛམ་གླིང་འདིའི་ས་གནས་གང་དུ་ཡིན་ཡང། སྤྱི་ཚོགས་སུ་དྲང་བདེན་གྱི་མདུན་བསྐྱོད་བྱེད་དགོས་པའི་སྐུལ་མ་རླབས་པོ་ཆེ་གཏོང་མཁན་ཁྱད་པར་ཅན་ཞིག་ཡིན་པས། ང་ཚོས་རང་དབང་གི་གཟེངས་རྟགས་འདི་ཁོང་ལ་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
ཟླ་འདིའི་ཚེས་༢༧ ནས་ཟླ་རྗེས་མའི་ཚེས་༣ བར་ྋགོང་ས་མཆོག་ཁེ་ན་ཌ་རུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་དང། དེ་ནས་ཕྱིར་ཨ་རིར་ཕེབས་ནས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་མཇལ་འཕྲད་གནང་འཆར་ཡོད་འདུག སྐུ་སྒེར་ཡིག་ཚང་གི་ཟུང་དྲུང་བསྟན་འཛིན་སྟག་ལྷ་ལགས་ཀྱིས། ྋགོང་ས་མཆོག་ཨ་རིར་བཞུགས་པའི་རིང་ལ། ཨ་རིའི་སྲིད་འཛིན་ཨོ་བྷ་མ་གཉིས་མཇལ་འཕྲད་ཀྱི་དུས་ཚོད་ངེས་ཅན་གང་ཡང་བསྒྲིགས་མེད་ནའང༌། སྲིད་འཛིན་ཁོང་རྒྱ་ནག་ཏུ་ཕེབས་ཚར་བའི་རྗེས་ནས་ྋགོང་ས་མཆོག་དང་མཇལ་འཕྲད་ཡོང་རྒྱུ་རེད་ཅེས་དང། དེ་བཞིན་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་ཏུ་ཕེབས་ཚར་བའི་རྗེས་ནས། ྋགོང་ས་མཆོག་དང་མཇལ་འཕྲད་གནང་ན་ལས་དོན་ལམ་ལྷོང་དང་འཐུས་ཚང་ཡོང་རྒྱུར་ཕན་རླབས་ཆེ་བ་ཡོང་གི་རེད་ཅེས་གསུངས་ཡོད་པ་རེད།
ལོ་འདིའི་ཟླ་བ་༥ པའི་ནང་ྋགོང་ས་མཆོག་ཨ་རིར་ཆིབས་བསྒྱུར་བསྐྱངས་སྐབས། ཐེངས་རྗེས་མར་ཨ་རིར་ཕེབས་སྐབས་སྲིད་འཛིན་ཨོ་བྷ་མ་དང་མཇལ་འཕྲད་གནང་སིྲད་པའི་སྐོར་གསར་ལམ་ཁག་ནས་ཁྱབ་བསྒྲགས་མང་པོ་བྱས་ཡོད་པ་རེད།།