རྒྱང་རིང་གི་ཁ་པར་ཉན་རྗེས།
དེ་རིང་རྒྱང་རིང་གི་རྒྱལ་ཁབ།།
ཕྱི་རྒྱལ་ལུང་པ་ནས་ཁྱེད་ཀྱིས།།
འབྱོར་བའི་ཁ་པར་ལ་ཉན་རྗེས།།
ཕྱིར་དྲན་སྐྱེད་ཚལ་དུ་འཁྲིད་སོང་།།
འུ་གཉིས་རྒྱ་གར་གྱི་གནས་མཆོག།
འཕགས་ཡུལ་རྡོར་གདན་དུ་འཛོམ་དུས།།
ཕན་ཚུན་སྤྲོ་འཛུམ་གྱི་སྣང་བ།།
དེ་འདྲའི་སྐྱིད་པོ་ཞིག་བྱུང་ཟེར།།
ཁྱེད་ཀྱིས་ཕྱིར་དྲན་ལ་ཞུགས་དེ།།
བརྩེ་སེམས་དྲན་གདུང་གི་སྣང་བརྙན།།
གཅེས་པའི་བུ་ཆུང་གི་སྟེང་ནས།།
ཡང་ཡང་ཐོབ་དུས་སུ་སྐྱིད་ཟེར།།།
ད་ནི་ཁ་ཐག་གི་བཅད་འདུག།
ཡུན་རིང་ཐུག་འཕྲད་ཀྱང་དཀའ་བ།།
ཁྱེད་ཀྱིས་ཕ་ལ་ལ་བརྩིས་དེ།།
འཇིག་རྟེན་མཐུན་མཇུག་ལ་རོལ་ཟེར།།
མཇུག་མཐར་ཁྱེད་རང་གིས་གསུངས་དོན།།
བུ་ཆུང་ང་རང་གི་གཟུགས་བརྙན།།
དྲན་ནས་ཚུགས་ཐུབ་རང་མེད་པའི།།
ལོ་རྒྱུས་མདོར་བསྡུས་ཤིག་དྲན་སློང་།།
ཕོ་ལོ་སུམ་བཅུ་ལས་བརྒལ་བའི།།
ཉམ་ཐག་ཕོ་གཞོན་ངའི་བསམ་ཚུལ།།
ཡིད་མཐུན་མཛའ་མོ་ཁྱོས་གསོན་དང་།།
བུ་ངའི་ཐུང་ཐུང་ཞིག་ཞུས་ཆོག།
སྤྱིར་ན་མི་ཡུལ་ཁམས་ཆེ་ལ།།
ལྷག་དུ་མི་རིགས་རྣམས་འདུ་སའི།།
འཇིག་རྟེན་རྩེད་རྭ་འདིའི་ནང་དུ།།
བརྩེ་དུང་རིན་ཆེན་གྱི་ནོར་རེད།།
འཇིག་རྟེན་སྣང་བ་ལ་རྩེན་པའི།།
ཕོ་གཞོན་མོ་གཞོན་ནི་སུ་ཞིག།
གནའ་ནས་ད་ལྟ་ཡི་བར་དུ།།
འདི་ལ་མ་གཅེས་མཁན་མེད་དོ།།
འོན་ཀྱང་ལས་འབྲས་དང་ཐོབ་སྐལ།།
ལས་ཀྱི་སུ་ཞིག་ལ་བརྐོས་པ།།
དེ་ལས་གཞན་ཞིག་ནི་བཙལ་ཀྱང་།།
ཐོབ་ཀྱང་གཞན་དབང་དུ་བུད་འགྲོ།
ཕན་ཚུན་ངོ་ཤེས་སུ་གྱུར་ནས།།
ལོ་ཟླ་ག་ཚོད་དེ་སོང་མིན།།
ལྷག་དུ་ཕན་ཚུན་ལ་དུངས་མིན།།
རང་རང་སེམས་ནང་དུ་ལོས་གསལ།།
ད་ནི་བརྒྱ་བཤད་ཀྱི་སྙིང་བོ།།
རང་རང་གང་ཞིག་ལ་དབང་བའི།།
མི་དེའི་བརྩེ་སེམས་ལ་བསམ་ནས།།
སེམས་པ་བདེ་ལ་རང་འཇོག་རན།།
ཤ་ཁྲག་རུས་གསུམ་གྱི་སྙིང་ཁུ།།
སེམས་ཀྱི་བུ་ཆུང་དེ་སྐྱོང་བའི།།
ལས་འགན་ང་རང་ལ་ཡོད་ཀྱང་།།
བུ་ངར་འཇོན་ཐང་ནི་མི་འདུག།
དེས་ན་སེམས་འདྲིས་ཀྱི་མཛའ་མོ།།
མ་ཤི་གསོན་མཇལ་གྱི་བར་དུ།།
བུ་ལོའི་ཚེ་བཀང་གི་མདུན་ལམ།།
ཡག་པོ་ཡོང་ཐུབ་དེ་ཁྱོད་མཁྱེན།།
མཐང་དོན་འདི་ཙམ་རང་བྱས་དེ།།
སྙིང་གི་གསང་སྒྲོམ་དུ་སྤས་པའི།།
བརྩེ་བའི་སེམས་གཏིང་གི་གླུ་གཞས།།
ལྷན་འཛོམ་བྱུང་དུས་སུ་ལེན་ཆོག།
༢༣།༤།༠༧། ཐག་རིང་གི་མཛའ་མོས་ཁ་པར་སླེབས་རྗེས་སུ། ཁོ་མོའི་གསུངས་པའི་སྙིང་གཏམ་གཞི་ལ་བཞག་ནས་རྒྱང་རིང་གི་ཁ་པར་ཉན་རྗེས་ཞེས་པའི་སྙན་རྩོམ་འདི། བདག་གི་བརྩེ་བའི་བུ་རྒྱུད་ཅིག་གི་མ་ལོའི་ཆེད་དུ་བྲིས་པ་ཡིན།
གོང་གི་རྩོམ་ཡིག་འདི་ནི་དངོས་བྱུང་གི་རྒྱུད་རིམ་ཞིག་ཉིན་དེར་བདག་གིས་ཡིག་ཐོག་དུ་བྲིས་པ་ཞིག་བདག་གི་ཉིན་ཐོའི་གསེང་དུ་འདུག་པ་དེ་རིང་འདི་རུ་སྤུན་ཟླ་དག་ལ་ཕུལ་བ་ཡིན།