བོད་ནང་གི་མི་མང་ལ་བཅར་འདྲི།

དེའི་ནང་གི་མི་སྣ་གཅིག་གིས། “ཀྲུང་གོ་དང་ཧུའུ་ཅིན་ཐའོ། ྋརྒྱལ་བ་རིན་པོ་ཆེ་བཅས་ཀྱི་བར་འདམ་ཀ་བྱེད་རྒྱུའི་གོ་སྐབས་ཤིག་རག་ན། ཐད་ཀར་ྋརྒྱལ་བ་རིན་པོ་འདེམས་ཀྱི་ཡིན། སྙིང་ཁོངས་རུས་པའི་གཏིང་ནས་ྋརྒྱལ་བ་རིན་པོ་ཆེ་འདེམས་ཀྱི་ཡིན་”ཞེས་ྋགོང་ས་མཆོག་ལ་དད་ཞེན་གྱི་སྐོར་བརྗོད་འདུག ཡང་མི་སྣ་གཅིག་གིས། “ང་ལོ་༡༡ ཙམ་ཡིན་སྐབས། རྒྱ་ནག་གུང་ཁྲན་གཞུང་ཡོང་ནས། ཕ་འཛིན་བཟུང་བྱས་སོང། ཨ་མ་དང་ཨ་ཁུ་ལྟོགས་ཤི་ཐེབས་སོང། ང་འགྲོ་ས་འདུག་ས་མེད་པར་འཁྱམས་ནས་འགྲོ་དགོས་བྱུང་སོང་”ཞེས་དེའི་སྐབས་ཀྱི་དཀའ་སྡུག་གི་སྐོར་དང། ྋགོང་ས་མཆོག་ལ་མཇལ་འདོད་ཀྱི་སྐོར་བརྗོད་འདུག ཡང་གཅིག་གིས། “ངའི་རེ་བ་ནི་ྋརྒྱལ་བ་རིན་པོ་མཇལ་རྒྱུ་དེ་རེད། རྒྱ་ནག་གིས་བོད་མིར་སྦྱིན་གཏོང་ཆེན་པོ་བྱེད་ཀྱི་ཡོད་ཟེར་གྱི་ཡོད་པ་རེད་མོད། ང་ལ་གང་ཡང་སྦྱིན་མྱོང་མེད། དེ་མེད་ནའང་མེད། དེ་ལས་ྋརྒྱལ་རིན་པོ་ཆེ་མཇལ་རྒྱུའི་གོ་སྐབས་ཤིག་ཤར་ན་བསམ་གྱི་ཡོད། ངས་རྒྱ་ནག་གཞུང་དང། རྒྱལ་སྤྱིའི་ཐོག་ཏུ་ྋརྒྱལ་བ་རིན་པོ་ཆེ་མཇལ་ཐབས་ཡོང་བའི་རེ་བ་ཞུ་ཡི་ཡོད་”ཅེས་རྒྱ་ནག་གི་འོག་ཏུ་ད་ལྟའི་བོད་པའི་གནས་སྟངས་སྐོར་བརྗོད་ཡོད་པ་རེད།
བཅར་འདྲི་བྱེད་མཁན་གྲྭ་རིན་ཆེན་བཟང་པོ་ལགས་ཀྱིས་གསུང་དོན། “ངས་དཔའ་ཁས་བླངས། དུག་སོས་བླངས་ནས་རྒྱ་ནག་གུང་ཁྲན་ཏང་གི་འོག་ཤི་སོང་ནའང་འགྱོད་པ་མེད་བསམས་ནས་བརྙན་འཁོར་འདི་བཟོས་པ་ཡིན། བཅར་འདྲི་བྱེད་སའི་མི་དེ་ཚོས་ཡང་༡༩༥༨ ལོར་སྡུག་བསྔལ་ག་ཚོད་ཡོད་མེད་སྐོར་བརྗོད་དེ། ད་ལྟ་ཤི་རན་པའི་དུས་སུ་སླེབས་ཡོད་ནའང། ྋགོང་ས་མཆོག་དང། བོད་མི་ས་ཡ་དྲུག་ལ་ཞབས་ཕྱི་ཅུང་ཙམ་རེ་སྒྲུབ་ཐུབ་ན་འཇིགས་ཞུམ་མེད་པར་ཁྱབ་བསྒྲགས་དགོས་སྐོར་གསུངས་པ་བཞིན། ངས་བརྙན་འཁོར་འདི་ཁྱེར་ནས་ཡོང་བ་ཡིན་”ཞེས་གསུངས་ཡོད་པ་རེད།
གློག་བརྙན་དེའི་ནང་གི་མི་སྣ་ཚང་མས་ད་ལྟ་བོད་ལ་རང་དབང་མེད་པར་སྡུག་བསྔལ་ཆེན་པོ་ཡོད་པའི་སྐོར་དང། ྋགོང་ས་མཆོག་མཇལ་ཐུབ་པར་རེ་སྒུག་བྱས་ཡོད་སྐོར་བརྗོད་མཁན་ཤ་སྟག་ཡིན་པ་རེད། ༢༠༠༨ ལོར་གྲྭ་རིན་ཆེན་བཟང་པོ་ལགས་ཀྱིས་ལས་གཞི་དེ་མཇུག་མ་རྫོགས་གོང་རྒྱ་ནག་གཞུང་གིས་ཤེས་རྟོགས་བྱུང་སྟེ། ཁོང་འཛིན་བཟུང་བྱེད་དགོས་པའི་བཀའ་རྒྱ་བཏང་བར་བརྟེན། བརྙན་འཁོར་དེ་དག་ཁྱེར་ནས་གསང་བའི་ཐོག་རྒྱ་གར་དུ་ཕེབས་ཡོད་པ་རེད།།