སཱི་ཀོ་ལན་ཌིའི་སྐུ་ཚབ་བོད་ནས་ཕྱིར་ཕེབས་འདུག

ལོ་སྔོན་མ་བོད་དུ་ཞི་བའི་གྱེན་ལངས་བྱས་ནས་བཟུང་སཱི་ཀོ་ལན་ཌི་དང་དབྱིན་ཡུལ་གྱི་གཟིགས་སྐོར་སྐུ་ཚབ་གཞུང་འབྲེལ་ཐོག་ནས་བོད་དུ་བསྐྱོད་པ་ཐེངས་དང་པོ་ཆགས་ཡོད་ཅིང། གཟིགས་སྐོར་སྐུ་ཚབ་སྐུ་ཞབས་ལོར་ཌི་སི་ཊིལ་མཆོག་གིས། ལོ་སྔོན་མར་ངས་ྋགོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་ལ། བཙན་བྱོལ་བོད་གཞུང་དང་འབྲེལ་བ་བྱུང་ཡོད་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒྱ་ནག་གཞུང་ཚབ་ཁང་གིས་གཟིགས་སྐོར་སྐུ་ཚབ་བོད་དུ་བསྐྱོད་ཆོག་པའི་མགྲོན་བརྡ་དེ་དགའ་པོའི་ངང་དང་ལེན་ཞུས་པ་ཡིན། རྒྱ་ནག་ཏུ་སླེབས་པའི་སྐབས་ལ་ྋགོང་ས་མཆོག་དང་བོད་མི་མང་གི་དགོངས་ཚུལ་རྒྱ་ནག་གཞུང་ལ་གསལ་བརྗོད་བྱས་པ་ཡིན་ཞེས་གསུངས་ཡོད་པ་རེད།
དེ་བཞིན་བོད་རིགས་རྣམས་རང་ཡུལ་དུ་རྒྱ་ནག་ཧན་མི་རིགས་ཁྲོད་དུ་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་ཡོད་སྐོར་དང། བསམ་ཡས་སོགས་བོད་ཀྱི་དགོན་སྡེ་རྙིང་པ་སོགས་སུ་གྲྭ་བཙུན་རྣམས་ཀྱི་དཀའ་སྡུག་གི་སྐོར་བརྗོད་པ་དང། བོད་རང་སྐྱོང་ལྗོངས་ཟེར་བའི་དཔོན་རིགས་ཚོ་དང་ཐུག་འཕྲད་བྱུང་ཚུལ་སོགས་འགྲེལ་བརྗོད་གནང་ཡོད་པ་རེད།
གཟིགས་སྐོར་སྐུ་ཚབ་ལོར་ཌི་སི་ཊིལ་མཆོག་གི་མུ་མཐུད་ནས། ང་ཚོས་མ་འོངས་པའི་ྋགོང་ས་མཆོག་གི་སྐོར་ལ་གཙོ་འདོན་བྱས་ཏེ་སྐད་ཆ་བཤད་ཡོད། ཁོང་དགུང་གྲངས་༧༥ ལ་ཕེབས་འགྲོ་ཡི་ཡོད་རེད་ལ་དུས་ཚོད་ནི་ཧ་ཅང་མགྱོགས་པོ་རྫོགས་འགྲོ་ཡི་ཡོད་རེད། རྒྱ་ནག་གཞུང་གིས་ྋགོང་ས་མཆོག་བོད་མི་ཡོངས་ཀྱི་ཆོས་ཀྱི་དབུ་ཁྲིད་བླ་ན་མེད་པ་དེར་ངོས་བཟུང་བའི་ཐོག་ནས། བོད་དང་རྒྱ་ནག་པེ་ཅིང་གཞུང་ཕྱོགས་གཉིས་ཀའི་སྐུ་ཚབ་ཀྱིས་གྲོས་མོལ་བྱེད་དགོས་པ་དེ་ནན་བརྗོད་བྱས་ཡོད། ང་ཚོའི་ཚོགས་འདུ་མཐའ་མ་དེ་པེ་ཅིང་དུ་འཚོག་སྐབས། ངས་བོད་རྒྱ་གཉིས་དབར་གྲོས་མོལ་བྱེད་དགོས་པའི་དགོས་འདུན་དོན་ཚན་༣ གཙོ་འདོན་བྱས་ཡོད། དང་པོ་བོད་ཀྱི་གནས་བབ་འདི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་སྐྱོང་ལྗོངས་ཡིན་པར་ངོས་འཛིན་བྱེད་རྒྱུ། གཉིས་པ་གཞུང་དང་གྲངས་ཉུང་མི་རིགས་དབར་གྱི་འཁོན་འཛིན་དེ་མེད་པ་བཟོ་དགོས་པ་དང། གཏོར་བཤིག་རང་བཞིན་ཅན་གྱི་རྔམ་སྟོན་ཁྲོམ་སྐོར་ལ་འཛེམས་ཟོན་དགོས་པ། གསུམ་པ་ྋགོང་ས་མཆོག་ལྷ་སར་ཕྱིར་ཕེབས་གནང་དགོས་རྒྱུ་བཅས་བརྗོད་ཡོད། དེ་བཞིན་ྋགོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བཀག་འགོག་བྱས་པ་སོགས་ནི། བོད་མི་མང་གི་འདོད་བློ་དང་རྒྱབ་འགལ་དུ་འགྲོ་བའི་བྱ་སྤྱོད་ཡིན་པ་སོགས། དངོས་ཡོད་ཀྱི་དཀའ་ངལ་དང་དེ་དག་སེལ་ཐབས་ཀྱི་སྲིད་ཇུས་དགོས་སྐོར་བརྗོད་ཡོད་ཅེས་གསུངས་ཡོད་པ་རེད།།