བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས།
བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་ལེགས་བྱས་ཀྱི་ངོམ་སོ་ཁོ་ན་སྟོན་པའི་དུས་དྲན་སྲུང་བརྩི་བྱེད་བཞིན་པ་དང༌། བོད་མིས་གཙོས་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་འདུག་ལ་དམ་བསྒྲགས་ཆེ་རུ་བཏང་སྟེ་ད་བར་གྱི་ནོར་འཁྲུལ་དང་གྱོང་གུན་ཡོངས་རྫོགས་རྣམས་སྦས་གསང་བྱེད་བཞིན་ཡོད་པས་དོན་དངོས་དང་མི་མཐུན་པའི་བྱ་སྤྱོད་འདི་རིགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་འདོད་བློ་ཁེངས་པ་ཞིག་དང་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་དོན་འབྲས་ཤིག་རྩ་བ་ནས་སོན་གྱི་མེད་པ་དང༌། རྒྱ་དམར་གྱིས་བོད་བཙན་བཟུང་བྱས་པ་ནས་བཟུང་གཡོན་ཐལ་ནོར་འཁྲུལ་ཅན་གྱི་སྲིད་བྱུས་རབས་དང་རིམ་པ་བཤམས་པ་དེས་བོད་རྒྱལ་ཁབ་འདིར་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་གྱོང་གུན་ཚབས་ཆེན་ཕོག་པ་མ་ཟད། ད་ལྟའང་དཔལ་འབྱོར་འཛུགས་སྐྲུན་དང་ས་གནས་ཡར་རྒྱས་གཏོང་དགོས་ཀྱི་ཚིག་སྙན་འོག་བོད་རིགས་ཡོངས་རྫོགས་རྒྱ་མིར་བསྒྱུར་བའི་སྲིད་བྱུས་ངན་པ་དང༌། ལས་གཞི་སྣ་ཚོགས་ལག་བསྟར་བྱས་དང་བྱེད་བཞིན་པ། དམིགས་བསལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་དུས་དྲན་དང་སྟབས་བསྟུན་ཏེ་དོན་དངོས་དང་མི་མཐུན་པའི་ཁྱབ་བསྒྲགས་དང་རྣམ་འགྱུར། ལས་འགུལ་སྣ་ཚོགས་སྤེལ་བཞིན་པ་བཅས་ནི་ངན་གཡོའི་ཟློས་གར་ཞིག་ལས་གྲངས་ཉུང་མི་རིགས་ཀྱི་ཁེ་ཕན་ལ་དམིགས་པའི་སྲིད་བྱུས་ཤིག་ཏུ་ངོས་འཛིན་ནམ་ཡང་བྱ་ཐབས་མེད་པར་བརྟེན་ངོ་རྒོལ་ཤུགས་ཆེ་བྱ་རྒྱུའི་གསལ་བསྒྲགས་སུ།།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ ༢༠༠༩ ཟླ་ ༡༠ ཚེས་ ༡ ལ།།