མདང་གི་རྨི་ལམ་འདི། དངོས་ནས་དོན་དག་རེ་ཡོད་སྲིད་དམ།
དཔར་ཆས་འཛིན་མཁན་གྱི་ཕོ་གསར་དེས་ང་ལ་གསུངས་དོན། མ་རེད། དགོན་པ་འདི་ནི་རྔ་བ་སྒོ་མང་གི་ཚོགས་ཆེན་འདུ་ཁང་རེད་ཟེར་ནས་ལན་སྤྲད་མ་ཐག ངའི་སེམས་སུ་རྔ་བ་སྒོ་མང་གི་ཚོགས་ཆེན་འདུ་ཁང་ནི་བླ་བྲང་དགོན་པའི་ཚོགས་ཆེན་འདུ་ཁང་དང་འདྲ་བོ་ཡོད་པ་རེད་ཟེར་ནས་གོ་མྱོང་བ་དེ་དྲན་པ་གསོས།
སྐབས་དེ་འདྲ་ཞིག་ལ། དགེ་འདུན་པ་དེ་ཚོ་ཚོགས་ཆེན་འདུ་ཁང་དུ་ཕེབས་སོང་། དགེ་བསྐོས་ཡིན་ནམ་སྙམ་པའི་གྲྭ་བ་ཞིག་གི་ཕྱག་དུ་རྒྱུན་པུ་ཞིག་བཟུང་དེ་འདུ་ཁང་གི་སྒོ་འགྲམ་ནས་བསྐོར་ར་རྒྱག་གི་འདུག ངའི་བསམ་པར་དགོན་པ་འདིས་ད་དུང་རྒྱུན་པུའི་བྲོ་བ་ཞིག་གྲྭ་བ་དག་ལ་སྤྲོད་ཀྱི་འདུག་ཨང་སྙམ་ཞོར། རང་གི་འཁྲིས་ཀྱི་ཕོ་གསར་དེས་འདྲ་དཔར་གང་སར་རྒྱག་བཞིན་པ་དེ་ལྟ་ཞོར་དུ། ཁོང་གི་འཁྲིས་ཀྱི་ཨ་མ་རྒན་མོ་དེར་མིག་གིས་བལྟས། ཁོང་ལ་འདི་སུ་རེད་ཅེས་དྲིས་དུས། འདི་ནི་བོད་ཁ་བ་ཅན་གྱི་ཨ་མ་རེད། ད་ལོ་ངས་ཁོ་མོའི་རེ་བ་ལྟར། ཇོ་མཇལ་ལ་འཁྲིད་ནས་ཡོང་བ་ཡིན་ཟེར། ངས་དེ་མ་ཐག ཨ་མ་རྒན་མོ་དེའི་འགྲམ་དུ་བཅར་ནས། ཨ་མ་རྒན་མོ་ལགས། ཁྱེད་རང་འདི་རུ་ཇོ་མཇལ་དུ་སླེབས་པ་ནི་དངོས་ནས་བསྐལ་བ་བཟང་བོ་རེད་ཅེས་ཞུས་དུས་སུ། ཨ་མ་རྒན་མོའི་གདོང་གི་གཉེར་མ་བསྡུ་ཞོར་དུ། ཨ་མའི་ལོ་ལོ། རེད། ཇོ་མཇལ་ཞིག་ཐོབ་པ་དེ་ནི་དངོས་ནས་ཡག་པོ་རེད་མོད། འོན་ཀྱང་། རྒན་མོ་ང་ནི་ལ་ཁའི་ཉི་མ་ལྟ་བུ་ཞིག་ཡིན་དུས། ང་མ་ཤི་གོང་དུ་གསུངས་ཞོར་དུ་མིག་མཐའ་མཆི་མའི་བསྐོར་ནས་འདི་ལྟར་མུ་མཐུད་དུ་གསུངས། ༧རྒྱལ་བ་རིན་པོ་ཆེ་ཚེ་ཐོག་འདི་ནས་མཇལ་ཐུབ་རྒྱུ་མ་རེད་ན་དངོས་ནས་སེམས་ཀྱི་སྡུག་བསྔལ་འདི་སངས་ཐབས་ཤིག་མི་འདུག སྐབས་དེར་ཨ་མ་རྒན་མོའི་མིག་ཆུ་མུ་ཏིག་གི་འཕྲེང་བ་བཞིན་འཁུར་ཚེས་ནས་འཐོར་སོང་།
ང་རང་གིས་གང་ཡིན་འདི་ཡིན་མེད་པར་ཁ་ནས་འདི་འདྲ་ཞིག་ཤོར་སོང་། ཇོ་བོ་རིན་པོ་ཡི་མདུན་ནས་སྨོན་ལམ་རྒྱོབས་དང་། ༧རྒྱལ་བ་རིན་པོ་ཆེ་མཇལ་ཐུབ་ནི་རེད་ཅེས་ཞུས་དུས། ཨ་མ་རྒན་མོའི་གདོང་གི་མིག་ཆུ་ཞུ་ཞོར་དུ། ང་ལ་བུ་ཁྱེད་བཀའ་དྲིན་ཆེ་གསུངས་སོང་།
དེ་དུས་ངས་སླར་ཡང་མི་མང་གི་དཀྱིལ་ནས་ཡར་ཚོགས་ཆེན་འདུ་ཁང་གི་བསྐོར་ལམ་ལ་བལྟས་དུས། བསྐོར་ལམ་ནང་དུ་བདག་གི་ཕ་རྒན་དྲིན་ཆེན་དང་ཕ་རྒན་གྱི་ཕ་རྒན། ཨ་མྱེ་གཉིས་ཀྱང་འདུག ངས་ཁོང་གཉིས་མཐོང་མ་ཐག་འབོད་རྩིས་བྱོས་དུས། མི་མང་གིས་ཀི་ཀི་བསོ་བསོ་ལྷ་རྒྱལ་ལོ་ཟེར་ནས་ཀི་བསོ་སྒྲོག་མ་ཐག མི་མང་གི་ངར་ཤུགས་ནི་ཧ་ལས་པ་ཞིག་དང་། ཀི་བསོ་དེའི་ཁྲོད་དུ་འབོད་སྒྲ་གཞན་ཞིག་སྐོང་ཡོད་པའི་སྣང་བ་སྤྲད་སོང་།
ངའི་འཁྲིས་ཀྱི་ཕོ་གསར་དེས་དཔར་ཆས་མི་མང་ལ་གཏད་དེ་འོད་ལྷམ་ལྷམ་བྱེད་ཀྱི་འདུག་པ་དེ་མཐོང་དུས། ངའི་བསམ་པར་ང་རང་ལ་དཔར་ཆས་ཡོད་ན་ཅི་མ་རུང་སྙམ་ཞོར་མི་མང་གི་མཐའ་བསྐོར་ལ་མིག་ཉུལ་བྱེད་སྐབས་སུ། མེ་མདའི་སྐད་སྒྲ་ཞིག་གློ་བར་དུ་རྣ་ལམ་དུ་འབྱོར་བ་དེའི་ཕྱོགས་སུ་བལྟས་དུས། དགོན་པའི་རྭ་བསྐོར་མཐའ་རུ་རྒྱ་དམག་གིས་བསྐོར་འདུག་པ་དེའི་ནང་གི་དམག་དཔོན་ལོས་ཡིན་སྙམ་པ་ཞིག་གིས་མེ་མདའི་ཁ་གྱང་རྩར་གཏད་དེ་འཕེན་བཞིན་འདུག་པ་དེ་ནི་མི་མང་ལ་འཇིགས་སྐུལ་བྱེད་ཀྱི་ཡོད་པ་ཤེས་ཐུབ་ཀྱི་འདུག
ངས་དེ་མ་ཐག དགོན་པ་དེའི་རྒྱབ་རི་སྔོ་ལྗང་གི་བསྐོར་ཡོད་པ་དེའི་ཕྱོགས་སུ་བལྟས་དུས། དགོན་པའི་ཕྱི་ནང་ཡོད་ཚད་དམག་གིས་བསྐོར་ནས་འདུག་པ་མ་ཟད། དམག་མི་རེ་རེ་་ཡིས་མེ་མདའི་ཁ་དགོན་ནང་གི་མི་མང་ལ་གཏད་འདུག དམག་མི་དེ་དག་གི་ཉེ་ས་ནས། བུད་མེད་གཞོན་ནུ་མ་མི་ཉུང་བ་ཞིག་གློ་བར་དུ་ཡོང་ནས། གཞོན་ནུ་མ་རེ་རེ་ཡིས་ལག་དུ་སིལ་ཁུ་དཀར་སེར་གཉིས་ཀྱི་ཤེལ་དམ་ཆེན་པོ་གཉིས་རེ་བཟུང་དེ། མི་མང་གི་ཕྱོགས་སུ་གཟས་དེ་ཡོང་གི་འདུག
ངས་དེ་དག་མཐོང་མ་ཐག་སེམས་ནང་དུ། ཨོ། ད་མ་འགྲིག སིལ་ཁུ་བླུད་དེ་གསོད་རྩིས་རེད་སྙམ་ཞོར། གནས་ཚུལ་འདི་དག་བོད་ཕྱི་ལ་བསྐྱེལ་ཐབས་བྱེད་དགོས་སྙམ་བཞིན། ང་རང་གི་སྙིང་ཆུང་དྲགས་དུ་ལྡིང་ཞོར་དུ་འགྲོ་རྩིས་བྱོས།
ང་རང་འཇིགས་སྣང་དང་བཅས་དེ་རྨི་ལམ་དེ་ལས་སད་སོང་། དེ་རིང་ཉིན་བཀང་བོར་མདང་གི་རྨི་ལམ་མིག་ལམ་དུ་གློག་བརྙན་ཇི་བཞིན་ཡང་ཡང་ཤར་ནས་འོང་དེ་ཡལ་ཐབས་མ་བྱུང་སྟབས། སྤུན་ཟླ་དག་ལ་གཟིགས་འབུལ་ཞུ་རྒྱུའི་སེམས་ཐག་བཅད་དེ་གོང་གི་རྨི་ལམ་འདི་ཡི་གེ་ལ་ཕབ་པ་ཡིན། སྤུན་ཟླ་ཚོ། ཁྱེད་ཅག་གིས་རྨི་ལམ་འདི་ལ་དོན་དག་རེ་ཡོད་པར་གཟིགས་སམ། ང་རང་གཅིག་བུ་མིན་པར་རྨི་ལམ་འདི་འདྲ་རྨིས་མཁན་ཡོད་དམ། རྨི་ལམ་འདིས་ངོ་མ་གནས་ལུགས་གཞན་ཞིག་འུ་ཅག་ལ་ར་སྤྲོད་བྱེད་ཀྱི་ཡོད་སྲིད་དམ།
༢༣།༩།༠༩