བཀའ་བརྒྱུད་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་ཆེན།
གཞན་ཡང་དྷ་སའི་ཉེ་འགྲམ་གྱི་དགོན་པ་ཁག་ཅིག་གི་སྐུ་ཚབ། ཁོར་ཡུག་དང་འབྲེལ་བའི་ཚོགས་པ་ཁག་ཅིག་གི་སྐུ་ཚབ་བཅས་ཕེབས་ཡོད་པ་རེད། སྤྱིར་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་འདི་ནི་༸རྒྱལ་བ་ཀརྨ་པ་ཉིད་ཀྱི་དབུ་བཙུགས་པ་ཞིག་ཡིན་པ་རེད། ད་རེས་ཀྱི་ཚོགས་འདུ་འདིའི་མཐུན་རྐྱེན་སྦྱར་མཁན་བདེ་སྐྱིད་ཅུང་རྒྱལ་པ་ཡིན་པ་རེད།
ཚོགས་འདུ་ཐོག་་༸རྒྱལ་བ་ཀརྨ་པ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་ངོ་སྤྲོད་གསུང་བཤད་གནང་དོན། ཁོར་ཡུག་གི་འགྱུར་བ་དེ་མངོན་གསལ་མེད་པར་འགྲོ་ཡི་ཡོད་སྟབས། ང་ཚོས་ལམ་སེང་ཚོར་སྣང་སྐྱེན་པོ་ཡོང་བར་དཀའ་ལས་ཧ་ཅང་ཁག་པོ་རེད། ཡིན་ན་ཡང་ཉིན་མ་གཅིག་ལ་ཧ་གོ་བའི་དུས་སུ་ཕལ་ཆེར་འཕྱི་དྲགས་པའི་མཚམས་ལ་སླེབས་ཀྱི་ཡོད་རེད། ཕྱི་རྒྱལ་ཚོར་དཔེ་ཞིག་བཤད་རྒྱུ་འདུག དཔེར་ན། ནམ་རྒྱུན་སྦལ་པ་ཆུའི་ནང་དུ་འདུག་གི་ཡོད་པས། སྣོད་གཅིག་གི་ནང་དུ་ཆུ་བླུགས་ནས་སྦལ་པ་དེའི་ནང་དུ་བཞག་ན། སྦལ་པས་ཆུའི་ནང་དུ་བསྡད་ཡོད་བསམ་གྱི་རེད། སྣོད་ཀྱི་འོག་ནས་མེ་ཚ་པོ་ཞིག་བཏང་བཞག་ན། དང་པོ་ཧ་གོ་ཡི་མ་རེད། མེ་དེ་ཚ་རུ་ཚ་རུ་ཡོང་བའི་སྐབས་སུ་གཞི་ནས་ཧ་གོ་ཡི་རེད། དེ་དུས་འཕྱི་དྲགས་པ་རེད། དེ་ལྟར་ཁོར་ཡུག་གི་འགྱུར་བ་དེ་མངོན་གསལ་མེད་པའི་ངང་འགྲོ་ཡི་ཡོད་སྟབས་ཕྱོགས་གཅིག་ནས་དཀའ་ལས་ཁག་པོ་རེད།
དེར་བརྟེན་ད་རིང་ང་ཚོ་འཛོམས་པ་དེ་དུས་རྒྱུན་ཚོགས་འདུ་ལྟ་བུ་འཛོམས་ཙམ་བྱེད་པ་ལྟ་བུ་མ་ཡིན་པར། གཙོ་བོ་འཛམ་བུ་གླིང་གི་ཐོག་ལ་ཁོར་ཡུག་གི་གནད་དོན་ཉམ་ང་བ་ག་འདྲ་ཆགས་ཡོད་མེད། དེ་ཚོའི་ཐོག་ལ་དོ་སྣང་དང་། སོ་སོའི་ཐོག་ལ་དངོས་སུ་ཉམས་མྱོང་ཡོད་པའི་གནད་དོན་དེ་ཚོ་སྤེལ་རེས་བྱེད་པ་བཅས་ང་ཚོས་འགན་ཁུར་ནས་ཡོང་བ་མ་གཏོགས། སྤྱིར་བཏང་ཙམ་བྱས་ནས་ཡོང་བའི་ངོས་འཛིན་ཞུ་ཡི་མེད། དེར་བརྟེན་ཚང་མས་འགན་ཁུར་གྱི་བསམ་བློ་ཡོད་པ་དང་། ལས་འགུལ་སྤེལ་བའི་ཐུགས་འདུན་དམ་བཅའ་ཡོད་པའི་ཐོག་ནས་ཚོགས་འདུ་འདི་ཐོག་མཐའ་བར་གསུམ་དུ་དགེ་བ་ཡོང་བའི་ཐུགས་འདུན་གནང་རོགས་ཞེས་ཞུ་རྒྱུ་ཡིན། སྤྱིར་བཏང་འཛམ་གླིང་ཐོག་ཏུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་མང་པོ་ཡོད་ས་རེད། ག་དུས་ཡིན་ཡང་ལྗང་ཁུ་ལྗང་ཁུ་ཟེར་བ་དེ་འདྲ་ཡོད་ས་རེད། འོན་ཀྱང་སྐབས་རེ་བསམ་བློ་གཏོང་དུས་ཁོར་ཡུག་གི་གནད་དོན་ཟེར་བ་དེ་རྩོད་པ་བྱེད་རྒྱུ་དང་། སྐབས་རེ་ཆབ་སྲིད་ཀྱི་རྣམ་པ་ལྟ་བུ་མཐོང་གི་ཡོད་ས་རེད། ཡིན་ན་ཡང་ང་ཚོས་དེ་རིང་ཁོར་ཡུག་གི་ལས་དོན་སྤེལ་བ་དེ་རྩོད་པའི་རྩ་བ་ལྟ་བུ་མིན་པར། དམ་པའི་ཆོས་ཀྱི་རྒྱབ་རྟེན་ཡོད་པ་ཞིག་གི་ཐོག་ནས་འཚོག་གི་ཡོད་བསམ་ནས་ང་རང་གིས་ཡིད་ཆེས་བྱེད་ཀྱི་ཡོད།
དཔེར་ན། དམ་པའི་ཆོས་འདུལ་བའི་ནང་དུ་དགེ་སློང་གིས་ལྗོན་ཤིང་བཅད་པ་ཡིན་ན། སྐྱེ་བ་བཅད་པའི་ལྟུང་བྱེད་ཟེར་བ་ལྟ་བུ་བཅས་པ་མང་པོ་ཡོད་རེད། དེ་ཚོ་བཅད་པ་ཙམ་ལ་ངོས་འཛིན་མི་བྱེད་པར་ཕྱོགས་གཞན་ནས་བསམ་བློ་བཏང་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགོངས་པ་རྒྱ་ཆེན་པོ་བཞེས་འདུག་དྲན་གྱི་འདུག རང་ཉིད་ཀྱིས་ཤིང་སྡོང་བཏབ་རྗེས་དེ་ལ་བདག་སྐྱོང་མཐར་ཕྱིན་པ་བྱེད་དགོས་པ་དང་། གལ་སྲིད་ཕྱི་རུ་འགྲོ་དགོས་བྱུང་ན་གཞན་ལ་མངགས་དགོས་ཀྱི་ཡོད་པ་རེད། གཞན་གང་བྱུང་མང་བྱུང་དུ་ཤིང་སྡོང་བཏབ་ནས་བདག་པོ་མ་བྱས་པར་བཞག་ན་ཉེས་པ་ཡོད་གསུངས་པ་རེད། གཞན་ཡང་ཐེག་ཆེན་པའི་ཉམས་ལེན་ནང་དུ་ཐབས་མཁས་ཀྱི་ཕ་རོལ་དུ་ཕྱིན་པའི་སྐབས་སུ་ཁོར་ཡུག་དང་འབྲེལ་བ་ཡོད་པ་རེད། ནོར་ཟང་ཟིང་གི་སྦྱིན་པ་དང་། མི་འཇིགས་སྐྱབས་ཀྱི་སྦྱིན་པ་དེ་ཚོ་དུས་དང་རྣམ་པ་ཀུན་ཏུ་ཡོང་ཁག་པོ་རེད། ཡིན་ན་ཡང་ཐབས་མཁས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསམ་བློའི་རྒྱབ་ལྗོངས་ཡོད་པའི་ཐོག་ནས། དཔེར་ན། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ཡག་པོ་བྱས་ནས། ང་ཚོ་ཧི་མ་ལ་ཡའི་རྒྱུད་དང་བོད་ས་མཐོ་ལ་ཡོད་པའི་ཆུ་རྣམས་གཙང་མ་ཡོང་བར་བདག་པོ་རྒྱག་པ་དང་། དེ་དག་ལ་འབག་བཙོག་མ་ཤོར་བ་བྱས་ན། ཆུ་དེས་ཨེ་ཤ་ཡའི་མི་ས་ཡ་བརྒྱ་ཕྲག་དུ་མ་ལ་ཟ་ཆས་དང་འབྲེལ་བའི་ཐོན་ཁུངས་མང་པོ་ཞིག་སྦྱིན་གྱི་ཡོད་སྟབས། རང་བཞིན་གྱིས་ཟང་ཟིང་ནོར་གྱི་སྦྱིན་པ་ཕལ་ཆེར་ཆགས་ཡོང་གི་ཡོད་རེད། འགྲོ་བ་རྣམས་ཆུ་མེད་ན་འཚོ་ཐབས་མེད་པས་རང་བཞིན་གྱིས་མི་འཇིགས་སྐྱབས་ཀྱི་སྦྱིན་པ་ཕལ་ཆེར་ཆགས་ཀྱི་རེད།
དམ་པ་ཆོས་ཀྱི་སྦྱིན་པ་དེའང་ཡིན་གཅིག་མིན་གཉིས་ཁ་འགུལ་ནས་ཆོས་བཤད་དགོས་ཀྱི་ཨེ་ཡོད། བྱང་ཆུབ་སེམས་དཔའི་སྤྱོད་པ་དེས་རང་བཞིན་གྱིས་གཞན་ལ་བག་ཆགས་འཇོག་ཐུབ་སྟབས། ང་ཚོས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་མཐུན་པའི་གཞན་ཕན་གྱི་ཀུན་སློང་ཁྱེར་ནས། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་ཐུབ་པ་ཡིན་ན། ཕལ་ཆེར་དམ་པའི་ཆོས་ཀྱི་སྦྱིན་པ་དེ་ལས་ལྷག་པ་ཞིག་ཨེ་ཡོད་བསམ་གྱི་འདུག མདོར་བསྡུས་ནས་བཤད་ན། སངས་རྒྱས་ཀྱི་ཆོས་དེ་སྙིང་རྗེའི་རང་བཞིན་དུ་གྱུར་པ་ཆགས་བསྡད་ཡོད་རེད། གཞན་ཕན་བསྒྲུབས། སེམས་ཅན་ཐམས་ཅད་ལ་ཕན་བདེ་དང་དུ་ལེན་མ་ཐུབ་ཀྱང་། གནོད་སྐྱེལ་བ་དེ་འདྲ་ཡོང་མི་སྲིད་པ་ཆགས་བསྡད་ཡོད་རེད། བསམ་བློ་ཡག་པོ་གཏོང་དུས་མཚམས་རེ་ང་ཚོས་ཐེག་པ་ཆེན་པོ་ཡིན་མདོག་མདོག་བྱེད་ཀྱི་ཡོད་རེད་དེ། དུས་རྒྱུན་གྱི་བྱ་སྤྱོད་དང་འཚོ་བའི་ཁྲོད་དུ་མ་ཤེས་པ་དང་མ་གོ་བའི་ཐོག་ནས་གནོད་པ་ག་ཚོད་འགྲོ་ཡི་ཡོད། ཁོར་ཡུག་སྲུང་སྐྱོབས་ཀྱི་གནད་དོན་དང་འབྲེལ་བའི་ཐོག་ནས་བཀའ་མོལ་ཞུས་པ་ཡིན་ན། དམ་པའི་ཆོས་ནང་འདོད་ཆུང་ཆོག་ཤེས་གསུང་པ་དེ་ཚོ་འགྱུར་ཚར་བ་རེད། དེང་སང་རྒྱས་སྤྲོས་དང་ལོངས་སྤྱོད། གསོག་འཇོག་བཅས་ཚོད་མེད་ལྟ་བུ་བྱེད་པ་དེ་བསམ་བློ་ཞིབ་ཕྲ་གཏོང་དུས་སྐྱོན་གྱི་རང་བཞིན་ཆགས་ཀྱི་ཡོད་ས་རེད། དེར་བརྟེན་ང་ཚོས་འགྲིག་གི་ཡོད་བསམ་ནས་རློམ་སེམས་ང་རྒྱལ་གྱི་དབང་དུ་མི་གཏོང་བར། ནང་པ་སངས་རྒྱས་པ་ཟེར་དུས་ཐར་པ་དང་དུ་བླངས་ནས་ཉོན་མོངས་ལ་གཉེན་པོ་བསྟེན་ཏེ། སྐྱོན་ལ་སྐྱོན་དུ་མཐོང་བ་ཞིག་གི་ཐོག་ནས་ལམ་ཉམས་སུ་ལེན་གྱི་ཡོད་རེད། དེར་བརྟེན་སྐྱོན་ལ་སྐྱོན་དུ་མཐོང་བ་གལ་ཆེན་པོ་རེད། ང་ཚོས་སྐྱོན་ལ་སྐྱོན་དུ་མཐོང་བ་ཁག་པོ་རེད། ལྷག་པར་དུ་སོ་སོའི་ཕྱོགས་སུ་གཏོགས་པ་ལ་དོ་སྣང་མེད་པར་ལྷག་བསྡད་པ་དེ་ཚོ་མི་འགྲིག་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད་ཅེས་བཀའ་སློབ་ལམ་སྟོན་གནང་སོང་།
འཕྲོད་བསྟེན་བཀའ་བློན་གྱིས་གསུང་དོན། འཛམ་གླིང་འདིའི་ནང་ཁོར་ཡུག་གི་གནས་སྟངས་དེ་ཧ་ཅང་ཉེན་ཚབས་ཆེན་པོ་ཆགས་བསྡད་ཡོད་རེད། དེའི་རྒྱུ་མཚན་གཙོ་བོ་ནི། དུས་རབས་ཉི་ཤུའི་དཀྱིལ་ནས་དུས་རབས་ཉེར་གཅིག་པའི་སྟོད་བར་དུ་ཚན་རིག་དང་འཕྲུལ་ཆས་ཀྱི་ཡར་རྒྱས་ཧ་ཅང་ཆེན་པོ་དང་། ཡར་རྒྱས་དེ་དག་འགྲོ་བ་མིས་ངོམས་པ་མེད་པའི་འདོད་རྔམ་གྱིས་བེད་སྤྱོད་བྱས་ནས། བེད་སྤྱོད་ལོག་པར་ཕྱིན་པའི་དབང་གིས་འཛམ་གླིང་ལ་ཕན་ཐོགས་ཡོད་པའི་ཕྱིའི་འབྱུང་བ་ལ་ཉེ་ཁ་ཆགས་པ་དང་། ཚ་ཚད་འཕེལ་ནས་འཛམ་གླིང་ལྷོ་བྱང་ལ་ཡོད་པའི་འཁྱག་རོམ་རྣམས་ཞུ་བའི་འགོ་བཙུགས། དེ་བཞིན་ས་མཐོའི་བོད་ཀྱི་འཁྱག་རོམ་དེ་དག་ཞུ་བའི་འགོ་བཙུགས་ནས་དྲོད་ཚད་མགྱོགས་མྱུར་འཕེལ་བ་འདིས། འཛམ་གླིང་གནས་དང་མི་གནས་ཀྱི་ཉེན་ཁའི་མཚམས་ལ་སླེབས་བསྡད་པ་ཞིག་རེད་ཅེས་གསུངས་སོང་།
ད་རེས་ཚོགས་འདུ་འདིའི་དམིགས་ཡུལ་ནི། ས་མཐོའི་བོད་ལྗོངས་དང་ཧི་མ་ལ་ཡའི་རི་བརྒྱུད་ཁག་གི་བཀའ་བརྒྱུད་དགོན་ཁག་རྣམས་ཀྱི་གྲྭ་བཙུན་རྒན་པ་རྣམས་ལ་ཚན་རིག་གཞི་རྩར་འགྱུར་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ཐོག་ཤེས་ཡོན་གནས་ཚུལ་མཁོ་སྤྲོད་བྱ་རྒྱུ་དང་། ནགས་ཚལ་འདེབས་འཛུགས་དང་། ཆུ་གསོག་འཇོག རི་དྭགས་སྲུང་སྐྱོབ། གད་སྙིགས་དོ་དམ། ཉི་འོད་ནུས་ཁུངས་བཅས་ཁག་ལྔའི་ཐོག་སྦྱོང་བརྡར་དང་། ཉམས་མྱོང་སྤེལ་རེས་དང་། གོང་གསལ་འཆར་གཞི་ཁག་ལ་སྔོན་འགྲོའི་ལས་འཆར་སྤེལ་རྒྱུ། འཆར་གཞི་དག་ལག་བསྟར་དང་བཀོད་སྒྲིག་གི་ཆེད་དུ་ཚོགས་པ་ཟུར་འཛུགས་བྱ་རྒྱུ་བཅས་ཡིན་པ་རེད། ཚོགས་ཐོག་དེར་《ཀརྨ་བཀའ་བརྒྱུད་པའི་ཆོས་ཚོགས་དང་དགོན་སྡེ་མང་ཚོགས་བཅས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལམ་སྟོན་》ཞེས་པའི་དེབ་ཅིག་དབྱིན་བོད་གཉིས་ཐོག་དང་། 《ཁོར་ཡུག་སྲུང་སྐྱོབ་ལ་ཕན་པའི་བྱ་ཐབས་》ཅེས་པའི་དེབ་ཆུང་དབྱིན་བོད་ཧིན་གསུམ་གྱི་སྐད་ཡིག་ཐོག་བྲིས་པ་གཉིས་དབུ་འབྱེད་འགྲེམས་སྤེལ་གནང་སོང་།།