བོད་མི་ཞིག་ལ་ལོ་༡༥ ཁྲིམས་ཆད།
བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། སྔ་ལོའི་ཟླ་༣ པའི་ནང་བོད་ཀྱི་རྒྱལ་ས་ལྷ་སར་ཞི་རྒོལ་བྱུང་བའི་རྗེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཚན་པས་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་རིགས་སྨན་པ་(རྒན་ཡོལ་ཟིན་པ་)ཡེ་ཤེས་ཆོས་སྒྲོན་ལགས་ལ་གསང་ཉུལ་བའི་ཉེས་མིང་ཐོག་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞེས་པས་སྔ་ལོའི་ཟླ་ ༡༡ ཚེས་ ༧ ཉིན་དུས་ཡུན་ལོ་༡༥ བཙོན་འཇུག་བྱ་རྒྱུ་དང༌། ཆབ་སྲིད་ཁེ་དབང་ལོ་ ༥ འཕྲོག་རྒྱུའི་ཁྲིམས་ཆད་བཏང་སྟེ་ད་ལྟ་ལྷ་ས་ཉེ་ཁུལ་གྱི་བཙོན་ཁང་ཞིག་ནང་ངལ་རྩོལ་བསྒྱུར་བཀོད་བྱེད་དུ་བཅུག་ཡོད་པ་ཙམ་ལས་བཙོན་ཁང་གང་ཡིན་གསལ་ཁ་བཏོན་མེད་པ་རེད། ཡེ་ཤེས་ཆོས་སྒྲོན་ནི་ལོ་ཤས་སྔོན་ནས་རྒན་ཡོལ་བྱས་རྗེས་ལྷ་ས་གྲོང་ཁྱེར་རྭ་མོ་ཆེ་གྲོང་ལྷན་ཁུལ་དུ་གནས་སྡོད་བྱེད་ཀྱི་ཡོད་འདུག །
