ལྷ་སའི་ཇོ་བོ་བསྐྱུར་ནས།། མདོ་ཁམས་ཡུལ་དུ་ཕྱོགས་འགྲོ།།
ལམ་བར་གྱི་བྲོ་ཁ་དང་། ལྷ་སར་གནས་ཚང་འདུག་སའམ་སྤུན་ཉེ་འབྲེལ་ཡོད་ན་དེ་དག་ལ་འཚམས་འདྲིའི་ལེགས་སྐྱེས་སུ་འབུལ་རྒྱུའི་འབྲི་གཡག་གི་ཤ་ཚོན་པོ་སྤུས་ལེགས་དང་། རྩམ་པ་སྤུས་ཀ་ལེགས་ཤོས། ལྷག་པར་དུ་ལྷ་སའི་ཇོ་བོའི་སྐུ་མདུན་དུ་མཆོད་ཐིག་རྒྱག་བྱེད་དུ་འབྲི་མར་སྤུས་ལེགས་ཤིག་ཀྱང་འཁྱེར་ནས་གྲ་རྒྱས་རྒྱས་ངང་དབུས་ལྷ་སའི་ཇོ་བོ་དང་། གདན་ས་སེར་འབྲས་དགའ་གསུམ་སོགས་ལ་མཇལ་དུ་འགྲོ་ཡི་ཡོད།
འོན་ཀྱང་དེང་སང་དབུས་ཕྱོགས་དང་། མདོ་ཁམས་སྟོད་ཕྱོགས་ཀྱི་མི་ཚོས་ལྷ་སར་འགྲོ་བ་ལ་དབྱིངས་དེ་ཙམ་མེད་པར། སྨད་ཀྱི་བླ་བྲང་བཀྲ་ཤིས་འཁྱིལ་དང་། སྐུ་འབུམ་དགོན་པ། གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་། ཡ་ཆེན་དང་སེར་ཤུལ་དགོན་པ་སོགས་ལ་མཇལ་དུ་འགྲོ་བའི་ལུགས་སྲོལ་ཞིག་དར་བཞིན་འདུག་ཟེར། དེའི་རྒྱུ་མཚན་ག་རེ་ཡིན་ནམ། ལྷ་སའི་ཇོ་བོའི་རིན་ཐང་ཆུང་དུ་སོང་བ་ཡིན་ནམ། ཡང་ན་སྨད་ཀྱི་དགོན་པ་དེ་ཚོའི་བྱིན་རླབས་ཆེ་རུ་ཕྱིན་པ་རེད། ཡང་ན། དེང་སང་གི་མི་དེ་ཚོའི་ཨ་གསར་ཆེ་རུ་ཕྱིན་པ་རེད། ངས་བསམ་བློ་ཞིག་གཏོང་དུས། དོན་དག་དེའི་ནང་ལ་གནད་འགག་འགའ་ཤས་མཐོང་གི་འདུག དེའི་ནང་དུ་ཨ་གསར་ཡང་ཚུད་ཡོད་པ་སྨོས་མེད་རེད།
དེང་སང་གི་དུས་འདིར་སྨད་ཀྱི་ཕྱོགས་ནས་མཁྱེན་རླབས་ཅན་གྱི་བླ་སྤྲུལ་མང་པོ་ཡོང་གི་ཡོད་པ་མ་ཟད། ཤེས་ཡོན་ཅན་གྱི་མི་སྣ་མང་པོ་ཡོང་གི་ཡོད་ལ། སྙིང་སྟོབས་ཅན་གྱི་དཔའ་བོ་དཔའ་མོ་ཡང་དེ་བས་མང་པོ་ཡོང་གི་ཡོད། གྲགས་ཅན་གྱི་སྒྱུ་རྩལ་པ་དང་གཞས་པ་སོགས་མདོ་ཁམས་ཀྱི་ཕྱོགས་ནས་མང་པོ་འབྱུང་བཞིན་པ་རེད། དེ་བས་མི་རིགས་ཀྱི་ལ་རྒྱ་དང་། ཆབ་སྲིད་གོ་རྟོགས་སོགས་སྨད་ཕྱོགས་ནས་ཤུགས་ཆེ་རུ་ཡོང་གི་ཡོད་པ་དེའི་རྒྱུ་མཚན་གྱིས་མི་མང་པོ་ཞིག་གི་བློ་ཁ་རང་བཞིན་གྱིས་མདོ་ཁམས་ཕྱོགས་སུ་ཕྱོགས་པ་ཞིག་ཡིན་སྲིད། ལྷག་པར་དུ་ན་ནིང་ཕྱི་ཟླ་གསུམ་པའི་ཞི་རྒོལ་དེ་བྱུང་རྗེས། གདན་ས་སེར་འབྲས་དགའ་གསུམ་ནང་དུ་ཡོད་པའི་གྲྭ་པ་མང་པོ་ཞིག་ཀྱང་། ཕྱིར་འབུད་བཏང་བས་དེ་དག་མདོ་ཁམས་སྨད་ཀྱི་ཆོས་གྲྭ་ཆེན་མོ་རྣམས་ཀྱི་ནང་དུ་འཛུལ་ཞུགས་ཐུབ་པ་དེའི་རྒྱུ་མཚན་ཞིག་ཀྱང་རེད་འདུག དེ་ལས་དགའ་འོས་པ་ཞིག་ལ་བོད་ནང་གི་གྲྭ་བཙུན་མང་པོ་ཞིག་སྔར་ལྟར་རྔ་བརྡུང་དྲིལ་བུ་དཀྲོལ་ནས་འདུག་རྒྱུ་དེ་ཙམ་ཡག་པོ་མིན་པ་ཤེས་ནས། སྨད་ཀྱི་ཆོས་སྡེ་ཆེན་པོ་རྣམས་ཀྱི་ནང་དུ་སློབ་གཉེར་བྱེད་དུ་ཕེབས་ཀྱི་ཡོད་པའི་རྒྱུ་མཚན་དེའང་རང་ག་བ་ཞིག་མ་རེད། གཉིས་ནས་དེང་སང་འཛམ་གླིང་ཁྱོན་ཡོངས་ནས་དཔལ་འབྱོར་གྱི་གནས་བབ་སྔོན་མ་ལས་ཡར་རྒྱས་ཆེན་པོ་སོང་བའི་ཉེར་ལེན་གྱིས་འཕྲུལ་ཆས་རིགས་ཀྱི་ཚད་གཞི་གོང་འཕེལ་གྱིས་རྒྱང་རིང་དུ་འགྲོ་བར་དཀའ་ཚེགས་དེ་ཙམ་མི་དགོས་སྟབས། སྔོན་མ་ལས་ཐག་རིང་ཙམ་འགྲོ་བའི་བསམ་བློ་འཁོར་གྱི་ཡོད། དེ་བས་ཀྱང་ཞིང་འབྲོག་གི་མི་མང་རྣམས་ལ་དབྱར་རྩྭ་དགུན་འབུའི་རིན་འབབ་ལ་བརྟེན་ནས་ལག་དངུལ་ཏོག་ཙམ་ཡོད་རྐྱེན། སྔར་འགྲོ་མ་མྱོང་བའི་ས་ལ་འགྲོ་བའི་བསམ་བློ་ལོས་ཀྱང་འཁོར། གོང་གི་རྒྱུ་མཚན་དེ་དག་གིས་ལྷ་སའི་ཇོ་བོའི་རིན་ཐང་ཆུང་དུ་ཕྱིན་པའི་ར་འཕྲོད་ཀྱི་མེད་ཀྱང་། སྨད་ཀྱི་དགོན་པ་དང་སློབ་གཉེར་གྱི་ར་བ་དེ་དག་གི་འགྲོ་དོན་ཆེ་རུ་ཕྱིན་པ་དང་། གཟི་བརྗིད་ཆེ་རུ་ཕྱིན་པ་མཚོན་ཐུབ་ལ། གཟི་བརྗིད་དེས་མི་རྣམས་ཀྱི་ཡིད་དབང་འཕྲོག་ཤུགས་ཀྱང་ཆེ་རུ་ཕྱིན་པ་ཞིག་རེད།
གང་ལྟར་དེ་ལྟའི་ཕན་ཚུན་འགྲིམ་འགྲུལ་གྱི་བརྒྱུད་ལམ་ནས། བོད་མི་རིགས་ཀྱི་བླ་སྲོག་དམ་བཟུང་དང་། ཆིག་སྒྲིལ་གྱི་ལམ་ཁ་ཞིག་ཀྱང་མངོན་ཡོང་བས་དགའ་འོས་པ་ཞིག་ཀྱང་རེད་སྙམ།།