བགྲང་བྱ་བཞི་ལ་སོན་པའི་དཔེ་སྟོན་སློབ་གྲྭ།

སློབ་གྲྭའི་ཉལ་ཁང་དང་འཛིན་ཁང་སོགས་ལ་ལྟ་སྐོར་ཡང་གནང་ཡོད་པ་རེད། གཞན་ཡང་སློབ་ཕྲུག་རྣམས་ཀྱིས་ཕ་མ་རྣམས་དང་ལྷན་བཞུགས་ཐོག་གཞས་སྣ་གཟིགས་འབུལ་དང། གཏམ་བརྗོད་འཁྲབ་སྟོན་བཅས་བྱས་སོང།
སྤྱིར་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ནི། བོད་རང་གི་རིག་གཞུང་དང་སྐད་ཡིག་ལ་སྦྱངས་བརྩོན་ཆེད་གཙོ་ཆེར་དམིགས་ནས་བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་འོག་གསར་དུ་བཙུགས་པ་ཞིག་རེད། དེ་རིང་གི་མཛད་སྒོ་འདིའི་ཐོག་ཏུ་སློབ་ཕྲུག་རྣམས་ཀྱིས་བོད་སྐད་གཙང་མའི་ཐོག་ནས་གཏམ་བརྗོད་འཁྲབ་པ་དང་། གཞས་སྣ་གཟིགས་འབུལ་ཞུས་པ་ཙམ་མིན་པར། དུས་རྒྱུན་ནས་དྷ་སའི་ཁོར་ཡུག་ཏུ་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཅེས་ལབ་དུས་བོད་སྐད་གཙང་མ་ཤོད་མཁན་ཞིག་དང། བོད་ཡིག་གཙང་མ་འབྲི་མཁན་ཞིག་ཡིན་པའི་ངོས་འཛིན་བྱེད་མཁན་མང་ནས་མང་དུ་འགྲོ་ཡི་ཡོད། དེ་ལྟའི་ངོས་འཛིན་བྱས་པ་དེའང་རང་ག་བ་ཞིག་མ་ཡིན་པར། སློབ་ཕྲུག་དེ་དག་གི་ངོས་ནས་རྣམ་འགྱུར་དེ་འདྲ་ཞིག་ཚུར་སྟོན་ཡོང་གི་ཡོད་པས། མི་རྣམས་ཀྱིས་ཀྱང་ངོས་འཛིན་དེ་ལྟར་བྱས་པ་ཞིག་རེད།
ད་དུང་བོད་ཀྱི་སྐད་ཡིག་དང་རིག་གནས་གཅིག་པུ་ཙམ་མིན་པར། རྩེད་མོའི་རིགས་དང། བཟོ་རིགས་ཀྱི་རྣམ་གྲངས་ཚེམ་བུ་དང་། ཤོག་བུ་བཟོ་བ། ཤིང་བཟོ། ཨ་ལེ་པད་གོག གཞན་ཡང་ཚལ་ཞིང་དུ་ཚོད་མའི་རིགས་འདེབས་འཛུགས་དང། ལུས་རྩལ་སྦྱོང་བ། བཀྲ་ཤིས་ཞོལ་པ་སོགས་བོད་རང་གི་གླུ་གཞས་སྒྱུ་རྩལ་ལ་སློབ་སྦྱོང། བོད་རང་གི་རོལ་ཆ་སྒྲ་སྙན་དང། པི་ཝང། གླིང་བུ་སོགས་འབུད་དཀྲོལ་གྱི་སྦྱོང་བརྡར་བྱེད་ཀྱི་ཡོད་པ་མ་ཟད། སློབ་མ་རང་ངོས་ནས་གཞས་ཚིག་རྩོམ་པ་སོགས་ཀྱི་སྦྱོང་བརྡར་དང་གཏོང་ལེན་གྱི་གོ་སྐབས་ཀྱང་འབུལ་གྱི་ཡོད་འདུག་པ་བཅས་ད་ལྟའི་ཆར་ཐབ་ཆུང་ཡང་མེ་ཚ་བའི་དཔེ་ལྟར། སློབ་གྲྭ་ཆུང་ཆུང་དེའི་ནང་དུ་བོད་ཀྱི་མ་འོངས་སོན་རྩ་མང་པོ་ཞིག་བོད་པ་རང་གི་ཁྱད་ཆོས་ལྡན་པའི་སློབ་གསོའི་འོག་ཏུ་སྐྱེད་སྲིང་བྱེད་བཞིན་ཡོད་པ་རེད།།