བོད་ཀྱི་རོལ་མོའི་གཟེངས་རྟགས།
མི་རིགས་གཞན་གྱིས་བོད་ཀྱི་རོལ་མོའི་སྒྱུ་རྩལ་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་མཁན་སོགས་ལ་མི་མང་གིས་འོས་བླུགས་ནས་རྩེ་ཕུད་རྣམས་འདེམས་སྲོལ་ཡོད་པ་བཞིན་ད་ལོའི་མི་མང་གིས་འོས་བླུགས་ནས་གཟེངས་རྟགས་ཐོབ་པ་རྣམས་ནི།
གཞས་པ་རྩེ་ཕུད་བོད་དུ་ཡོད་པའི་གྲགས་ཅན་གཞས་པ་ཤེར་བསྟན་དང། གཞས་མ་རྩེ་ཕུད་ཨ་རིར་ཡོད་པའི་རིག་འཛིན་དཔལ་མོ། འོད་སྡེར་རྩེ་ཕུད་ཟློས་གར་ཚོགས་པའི་༢༠༠༩ ལོའི་དབྱར་སྐྱིད། གཞས་ཚིག་རྩེ་ཕུད་ལྷ་མོ་སྐྱབས་ཀྱིས་བྲིས་པའི་《གསེར་གྱི་ལེར་ཉི་མ་ཤར་འདྲ་བོ།》ཞེས་པ་དང། གཞས་རྩེ་ཕུད་ཟློས་གར་ཚོགས་པའི་རྒྱ་ལུ་རུ་ཁག་གི་《གསུམ་ཅུའི་དུས་དྲན།》 རྣམ་ཐར་གཏོང་མཁན་རྩེ་ཕུད་མོན་གྷོ་ལྷ་མོ་ཚོགས་པའི་བསྟན་འཛིན་ལྷུན་གྲུབ། བོད་ཀྱི་སྲོལ་རྒྱུན་གྱི་རོལ་མོ་རྩེ་ཕུད་དྷ་སར་ཡོད་པའི་རྡོ་རྗེ་ཚེ་རིང། ཆོས་ལུགས་དང་འབྲེལ་བའི་གླུ་གཞས་གཏོང་མཁན་རྩེ་ཕུད་དྷ་སར་ཡོད་པའི་བཀྲས་མཐོང་ཚང་སྐལ་བཟང་ཆོས་སྐྱིད། བརྩེ་དུང་གི་གཞས་རྩེ་ཕུད་བཀྲས་ཆུང་གིས་བཏང་བའི་《ཡིད་འཕྲོག》 ཟུང་གཞས་གཏོང་མཁན་རྩེ་ཕུད་ཨོ་སི་ཁྲུ་ལི་ཡར་ཡོད་པའི་བསྟན་འཛིན་ཆོས་རྒྱལ། མི་སྒེར་གྱི་ཆེད་བསྒྲིགས་འོད་སྡེར་རྩེ་ཕུད་སུད་སིར་ཡོད་པའི་ཚེ་རིང་སྐལ་ལྡན་གྱི་《བུ་མོ་ང་ཡི།》 གླུ་གཏོང་མཁན་རྩེ་ཕུད་ཨ་རིར་ཡོད་པའི་མཚེ་རྒྱའི་སྐལ་བཟང་རྒྱ་མཚོ། འོད་སྡེར་ཇུས་འགོད་རྩེ་ཕུད་ཁེ་ན་ཌར་ཡོད་པའི་འཇམ་དབྱངས་ཡེ་ཤེས་ཀྱི་《ཆོས་ཀྱི་འོད་སྣང།》 བརྙན་འཕྲིན་འོད་སྡེར་རྩེ་ཕུད་ཧོ་ལན་ཌིར་ཡོད་པའི་རྣམ་རྒྱལ་ལྷ་མོའི་《ལྷ་ཡུལ་བརླག་པ།》 རྒྱལ་སྤྱིའི་ཐོག་བོད་ལ་རྒྱབ་སྐྱོར་བྱེད་མཁན་རོལ་མོ་བ་རྩེ་ཕུད་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་ཡོད་པའི་ཁེ་ཐོ་ནིག་རོལ་དབྱངས་ཚོགས་པ་བཅས་ཡིན་པ་རེད།
སྤྱིར་བོད་ཀྱི་རོལ་མོའི་གཟེངས་རྟགས་སྤྲོད་པའི་མཛད་སྒོ་དེ་༢༠༠༣ ལོར་གསར་དུ་འགོ་བཙུགས་པ་དང། ལོ་གཉིས་རེའི་མཚམས་གཟེངས་རྟགས་ཐེངས་རེ་སྤྲོད་ཀྱི་ཡོད་པ་རེད། དཔེར་ན། ༢༠༠༣ ལོ་དང། ༢༠༠༥ ལོ། ༢༠༠༧ ལོ། ༢༠༠༩ ལོ་བཅས་ལ་སྤྲད་ཟིན་པ་དང། དེའི་ནང་ནས་བོད་ནང་དུ་ཡོད་པའི་གྲགས་ཅན་གཞས་པ་གཡའ་དྭངས་དང། ཀུན་དགའ་ཕུན་ཚོགས། བདུད་བྷེ། བཙན་བྱོལ་དུ་ཡོད་པའི་ཚེ་རིང་འགྱུར་མེད་སོགས་ལ་གཟེངས་རྟགས་དེ་ཐོབ་མྱོང་ཡོད་པ་རེད།།
