༸གོང་ས་མཆོག་གིས་ཨོ་བྷ་མ་ལ་གསུང་འཕྲིན་བསྩལ་བ།

སྐུ་ཉིད་ཀྱིས་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་ཐབས་དང༌། ཁོར་ཡུག་སྲུང་སྐྱོབ་ཡོང་སླད་དོན་ཕན་ལྡན་པའི་ཕྱག་ལས་གནང་བར་ནོ་སྦེལ་ཞི་བདེའི་ཚོགས་ཆུང་ནས་འོས་འཚམས་ཀྱི་ཐོག་ནས་ཞལ་བཞེས་གནང་ཡོད་པ་རེད། དུས་རབས་༢༠ པ་དེ་ནི་རྩོད་རྙོག་གི་དུས་རབས་ཤིག་ཡིན་པ་དང༌། དུས་རབས་༢༡ དེ་གྲོས་མོལ་དང་མཐུན་འབྲེལ་གྱི་དུས་རབས་ཤིག་ཡོང་བ་བྱེད་རྒྱུར་ང་ཚོར་འགན་ཡོད།
དེར་བརྟེན་ཕན་ཚུན་གཅིག་ལ་གཅིག་བརྟེན་ཐོག་གནས་དགོས་པའི་འཛམ་གླིང་འདིའི་ནང་ཕྱོགས་ཡོངས་ནས་ང་ཚོ་མཉམ་རུབ་ཀྱི་ཐོག་བྱམས་བརྩེའི་ཐབས་ལམ་དེ་ལག་ལེན་དང་གོང་མཐོར་གཏོང་རྒྱུའི་འགན་ཞིག་ཡོད། ཨ་རིའི་རྒྱལ་ཁབ་གསར་འཛུགས་མཛད་མཁན་གྱི་མེས་པོ་རྣམས་ཀྱིས་ཨ་རིའི་རྒྱལ་ཁབ་འདི་མང་གཙོ་ཕུལ་བྱུང་ཞིག་དང༌། གཞན་གྱི་རང་དབང་དང༌། འདོད་དབང་སྲུང་སྐྱོབ་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཏུ་བསྐྲུན་ཡོད་པ་ངོས་ནས་འགྲེལ་བརྗོད་བྱས་ཡོད། དེར་བརྟེན་ད་ལྟའི་ཨ་རིའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོའི་ཆུ་ཚད་མཐོ་བའི་བཟང་སྤྱོད་ཀྱི་ལྟ་གྲུབ་དེ་དག་ལ་གཞི་བཅོལ་ནས་སྣེ་ཁྲིད་ཐུབ་པའི་ལངས་ཕྱོགས་དེ་བཟུང་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་རེད། ལངས་ཕྱོགས་དེས་ཨ་རིའི་རྒྱལ་ཁབ་ཀྱི་སྙན་གྲགས་ཆེ་རུ་གཏོང་རྒྱུ་མ་ཟད་འཛམ་གླིང་ནང་ཛ་དྲག་གི་གནས་སྟངས་ཚབས་ཆུང་དུ་འགྲོ་རྒྱུར་ལེགས་སྐྱེས་ཆེན་པོ་འབུལ་རྒྱུ་རེད་ཅེས་བཀོད་གནང་ཡོད་པ་རེད།།