ཀ་བཤད་ཚངས་པའི་ཐིག་རིས།

ཅ་ཅོ་མི་སྨྲ་མཁས་བཙུན་ཉམས་འདྲ་ཞིག་འདུག་སྟེ།།

ཆ་དང་གྲ་སྡེབ་ཆང་ལ་རོལ་བ་དེ་སྐྱོ་བ།།

འགྲོ་ལ་མཁོ་བ་ཇ་རྩམ་ཁ་ཟས་དང་འདྲ་སྟེ།།

འདོད་ཆགས་ཞེ་སྡང་ཉ་མོ་ཆུ་འདྲ་དེ་སྐྱོ་བ།།


ཏཱ་རེའི་མཚན་སྔགས་བགྲང་དུས་ཆོས་པ་དང་འདྲ་སྟེ།།

ཐ་ཆད་གཡོ་སྒྱུ་དུག་སྦྲུལ་རོ་འཛིན་དེ་སྐྱོ་བ།།

ད་ཆ་རང་དབང་ཡོད་དུས་འཇོན་མདོག་ཞིག་འདུག་སྟེ།།

ན་ནིང་རང་དབང་ཤོར་དུས་མེད་པ་དེ་སྐྱོ་བ།།


པ་ཕ་སྙིང་རྗེ་ཟེར་དུས་བྱམས་བརྩེ་དང་འདྲ་སྟེ།།

ཕ་མ་རྒྱབ་ཏུ་བསྐྱུར་བའི་གླེན་པ་དེ་སྐྱོ་བ།།

བ་གླང་ལྷ་རུ་བཀུར་སར་མཁས་པ་དང་འདྲ་སྟེ།།

མ་འོངས་བོད་ལ་བསམ་པ་ཉིན་སྐར་བཞིན་སྐྱོ་བ།།


ཙ་རི་བ་བཞིན་ལུས་སེམས་བདེ་མདོག་ཞིག་འདུག་སྟེ།།

ཚ་བའི་ཡུལ་འདིར་ཉི་མ་གང་འཁྱོལ་དེ་སྐྱོ་བ།།

ཛ་སག་གོ་ས་ཐོབ་ན་ཨེ་དྲག་རང་བསམ་སྟེ།།

ཝ་མོའི་གཡོ་ཇུས་ལུས་ལ་ཚང་བ་དེ་སྐྱོ་བ།།


ཞྭ་མོ་མགོ་ལ་གྱོན་དུས་དཔའ་བོ་ཞིག་འདྲ་སྟེ།།

ཟ་མའི་དོན་དུ་རང་སྲོག་དོར་བ་དེ་སྐྱོ་བ།།

འ་འུར་གཏམ་ལ་ཕྱོགས་ཚེ་ལྕེ་བདེ་ཞིག་འདྲ་སྟེ།།

ཡ་ཆུང་སྙིང་ལ་ཕན་པའི་ཚིག་མེད་དེ་སྐྱོ་བ།།


ཕྱི་ཚུལ་སྤྱོད་པ་ར་རིས་མ་གོས་པ་འདྲ་ཡང༌།།

ནང་སེམས་དར་ལྕོག་ལ་འགོར་བླངས་འདྲ་དེ་སྐྱོ་བ།།

ཤ་རྒྱས་ཁྲག་རྒྱས་སྟོབས་དང་ལྡན་པ་ཞིག་འདུག་སྟེ།།

ས་འཁྱམ་རྡོ་འཁྱམ་དམིགས་ཡུལ་མེད་པ་དེ་སྐྱོ་བ།།


ཧ་ལོ་ཡེ་སི་ཟེར་བ་བེད་སྤྱོད་རང་ཆེ་སྟེ།།

ཨ་རོགས་ང་ཚོའི་ཐ་སྙད་རླག་པ་དེ་སྐྱོ་བ།།

ཁ་དོག་མཚར་བ་ཧ་ལོའི་མེ་ཏོག་དང་འདྲ་སྟེ།།

ཁོག་ལ་སོང་ན་ཨ་ཅང་ཤི་བ་དེ་སྐྱོ་བ།།