སྡེ་དགེ་འཇོ་མདའ་ནས་བོད་མི་བརྒྱད་འཛིན་བཟུང།
ཕྱི་ཟླ་༡༠ ཚེས་༡༨ ཉིན་འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉིན་ཤས་སྔོན་ཐོག་མར་འཇོ་མདའ་རྫོང་ཁ་སྒང་ཤང་ལུང་དམར་རུ་བར་རྒྱ་ནག་གཞུང་གི་དམིགས་བསལ་དམག་མི་དང་ལས་བྱེད་པ་ཁག་ཅིག་ཡོང་ནས་ཞིང་ཁ་རྨོ་དགོས་སྐོར་དང༌། ད་ལོ་ཞིང་ཁ་མ་བཏབ་པའི་རྒྱུ་མཚན་ཇི་ཡིན་གྱི་གནད་དོན་དང་རྐྱེན་རྩ་སུ་ལ་ཐུག་མིན་བཅས་གསལ་བཤད་དགོས་སྐོར་སོགས་བཤད་སྐབས་བོད་མི་རྣམས་ཀྱིས་མ་ཉན་པ་དང། ཁ་ལན་སློག་པ་སོགས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བཏོན་པར་བརྟེན་ད་བར་ཁ་སྒང་ཤང་ལྷོ་སྟོད་མ་ཁོངས་ནས་བོད་མི་གཞོན་སྐྱེས་བརྒྱད་རིམ་བཞིན་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་འདུག་པ་དང༌། ཁོང་རྣམས་ལ་ཞིབ་ཕྲའི་ཉེས་མིང་གང་འདྲ་བཀལ་ཡོད་མེད་དང་བོད་མི་དེ་དག་གི་མིང་བཅས་གནས་ཚུལ་མཁོ་སྤྲོད་པས་ཤེས་རྟོགས་བྱུང་མི་འདུག གཞན་ཡང་འཇོ་མདའ་རྫོང་ཁོངས་ཀྱི་ས་གནས་ཁག་མང་པོར་དེ་ལྟ་བུའི་འདྲི་རྩད་བྱེད་འགོ་བརྩམས་ཡོད་འདུག སྤྱིར་བཏང་ད་སྐབས་ས་ཞིང་འདེབས་ལས་བྱེད་པའི་དུས་ཚོད་མིན་ཀྱང་ད་ལོ་ས་ཞིང་མ་ བཏབ་ནས་བཞག་ཡོད་པ་རྣམས་འཕྲུ་སློག་མ་བརྒྱབ་ཚེ་ལོ་གཞུག་མ་ཡང་ཕན་ཐོགས་མེད་པ་ཆགས་ཀྱི་ཡོད་པ་ཞིག་རེད་འདུག ད་དུང་འཇོ་མདའ་རུ་བོད་མི་རྣམས་ཀྱིས་བཤས་ཚོང་བྱས་མེད་པར་བརྟེན་རྒྱ་ཡི་ལས་བྱེད་རྣམས་ཤ་ཉོ་མཁན་ཆབ་མདོ་ལ་འགྲོ་དགོས་ཆགས་བཞིན་ཡོད་འདུག་ཅེས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་སོང།།