བུད་མེད་ལངས་གླུ།
འོན་ཀྱང་འདས་ཟིན་ལོ་རྒྱུས་སྐྱུར་མོའི་ནང༌།
ཤར་ཕྱོགས་དམར་པོའི་མེ་ལྕེ་དྲག་པོའི་འོག
བདེ་བའི་ལངས་ཚོ་རྒུམ་པའི་བཙན་ཤེད་ཀྱིས།
སྡུག་གི་མཆི་མ་བསྐྱིལ་བའི་སྐྱོ་ངལ་དུས༎
བསྟན་འགྲོའི་དཔྱིད་དཔལ་བཞད་པའི་སྙིང་དོན་དང༌།
རང་རིགས་བདེ་དོན་འཛིན་བའི་སྙིང་སྟོབས་ཀྱིས།
ང་དགུའི་ཟླ་གསུམ་བཅུ་གཉིས་ཉིན་མོ་ལ།
བུད་མེད་རྒྱལ་གཅེས་སྒེར་ལངས་འབོད་སྒྲ་སྒྲོག
རྩ་བའི་བླ་མ་བསྟན་འཛིན་རྒྱ་མཚོ་གཙོས།
རང་རིགས་སྐྱེས་ཆེན་དམ་པ་འབངས་མི་སོགས།
མི་འདོད་བཞིན་དུ་གཞན་ཡུལ་གྱར་བའི་དུས།
མ་ཡུམ་ངུ་ངག་ས་ཆེན་འདི་རུ་ཁྱབ༎
ཕ་དང་ཁྱོ་བོ་བསད་མཁན་ཇག་པ་ཚོས།
ཡུག་ས་དྭ་ཕྲུག་ས་ཁ་བཀང་ན་ཡང༌།
དྲག་པོའི་རྩ་བ་ཐབས་ཀྱིས་མ་གཏོར་བར།
གངས་ལྗོངས་བདེ་དོན་བསྐྲུན་ལ་ལྷོད་མེད་བརྩོན༎
མི་ཡུལ་རང་དབང་ཆེ་ཡང་རང་ཡུལ་མིན།
རང་ཡུལ་དགྲ་ལག་ཤོར་ཡང་དོར་ཐབས་མེད།
རང་རིགས་མི་རབས་ཚ་བརྒྱུད་བདེ་སྐྱིད་ཆེད།
རྣམ་རིམ་བསྒྲིམ་ནས་ཤེས་རིག་ཀུན་ལ་འབད༎
གངས་ཅན་བོད་པའི་ནུས་ཤུགས་སྤེལ་ནས་འགྲོ
མཐུན་སྒྲིལ་སྙིང་དོན་ཕྱོགས་གཅིག་དཔུང་ནས་འགྲོ
འཛམ་གླིང་གཟིགས་པའི་མཐོང་རྒྱ་བསྲིང་ནས་འགྲོ
ཕ་ས་སེམས་ལ་བཅངས་དགོས་སྐྱེད་མ་ཚོགས༎
དྲོ་སྐྱིད་ལྡན་བའི་གངས་ལྗིངས་ཁྱིམ་གཞི་འདིར།
ཕུག་བསམ་དོན་དམ་རང་དབང་བདེ་དོན་ཕྱིར་།
བརྩོན་འགྲུས་ལྷོད་མེད་བརྒྱུན་མཐུད་དུས་རིམ་ནང༌།
གངས་ལྗོངས་སྐྱེད་མའི་བསམ་དོན་འགྲུབ་པར་ཤོག།