བོད་ཡིག་གི་གནས་ས་འཚོལ་བ།

དེ་འདྲའི་སྒྱིད་ལུག་གི་གཤིས་སྤྱོད་དེའི་རྐྱེན་པས་ད་དུས་རབས་ཉེར་གཅིག་ཛ་དྲག་གི་མཚམས་འདིར་སླེབས་ཡོད་ཀྱང༌། བོད་ཀྱི་བླ་སྲོག་ཏུ་ངོས་འཛིན་བཞིན་པའི་རང་མི་རིགས་ཀྱི་རིན་ཐང་མངོན་བྱེད་བོད་ཀྱི་སྐད་ཡིག་གི་མདུན་ལམ་ནི་ཧ་ཅང་གུ་དོག་པོའི་གནས་སུ་ལྷུང་ཚར་བ་ནི་རང་རིགས་ཀྱི་སྐད་ཡིག་ལ་དུང་བ་ཟབ་ཅིང་ཁ་བ་རི་བའི་མདུན་ལམ་ཐད་བློ་འཚབ་སྐྱེ་བཞིན་པའི་ཤེས་ལྡན་རྣམས་ཀྱིས་སེམས་ནང་ལྕི་བའི་སྐྱོ་ངལ་ཐུ་མོ་ཞིག་རེད། དེ་བས་བོད་ཀྱི་སྐད་ཡིག་གིས་འཇིག་བརྟེན་པའི་སྡེ་ལ་ཞབས་ཞུ་འཐུས་ཚང་ཞིག་སྒྲུབ་ཐུབ་པའི་ཁྱབ་ཁོངས་ནི་ཉིན་རེ་ལས་ཉིན་རེ་གུ་དོག་ཏུ་འགྲོ་བཞིན་པ་ནི་བོད་པ་ཚང་གི་དབུགས་ཀྱི་རྒྱུ་བ་འགག་བཞིན་པ་དང་གཉིས་སུ་མ་མཆིས།

 

དེར་བརྟེན། གངས་ཅན་པའི་མི་རབས་ཚ་རྒྱུད་ལ་རང་རིགས་ཀྱི་སྐད་ཡིག་ཐོག་ནས་ཁེ་ཕན་དང་མདུན་བསྙེག་གི་ལམ་ཁ་རྒྱ་ཆེར་གུ་བཤངས་དགོས་པ་ནི་བོད་མི་ལྷག་བསམ་ཅན་གཙོས་ཤེས་ལྡན་དག་གིས་དོར་ཐབས་མེད་པའི་འོས་འགན་ཞིག་རེད།  དེ་བཞིན་བཙན་བྱོལ་དུ་གྲགས་ཆེ་བའི་བང་ཆེན་དང་དུས་བབ་རྩོམ་སྒྲིག་འགན་གཙོ་གཉིས་ནས་ཀྱང་དེའི་སྐོར་གསུང་པར་དཔེར་ན། བང་ཆེན་རྩོམ་སྒྲིག་འགན་གཙོ་མཆོག་གིས་མ་འོངས་བོད་ཀྱི་མཐོ་རིམ་སློབ་མ་ཚོས་ཚན་རིག་སོགས་ཕྱིའི་དཔལ་ཡོན་གྱི་ཆེད་ལས་གདམ་དགོས་པ་གལ་ཆེན་ཡིན་ལུགས་དང༌། རྒྱལ་ཁབ་འཛིན་སྐྱོང་དང་དར་རྒྱས་སུ་གཏོང་བའི་རིག་གནས་གསར་པ་ཞིག་ནང་འདྲེན་བྱེད་ཐུབ་ནའང་འགྲིག་མོད་ཀྱང་དེ་འདྲ་མིན་ལུགས་དང༌། དེང་དུས་སུ་བོད་པ་འདི་སྐྱ་ཟད་སྔོ་སྡུག་གི་དུས་རབས་ཤིག་ཏུ་སླེབས་པར་གསུང་བ་དང༌། དུས་བབ་རྩོམ་སྒྲིག་འགན་གཙོ་མཆོག་གིས་ཀྱང་བོད་ཀྱི་སྐད་ཡིག་གི་ཐོག་ནས་སྐྱ་བོའི་སྡེ་ལ་ཟ་རྒྱུ་ཞིག་སྐྲུན་ཐུབ་མེད་པར་གསུང་ཞིང༌། བོད་ཀྱི་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་པར་ལྡན་ན་ང་ཚོའི་ཚེ་སྲོག་དེ་ཤི་ལ་ཉེ་བའི་གནས་སུ་ལྷུང་ཡོད་ཅིང༌། ཕུག་བསམ་གྱིས་འཚོ་བཞིན་པའི་བོད་ཀྱི་མི་རབས་གསར་སྐྱེས་ཚོའང་རང་གི་ཕུག་བསམ་ལེགས་སྒྲུབ་བྱ་བ་དོན་དེ་བོད་ཀྱི་སྐད་ཡིག་དང་འབྲེལ་བ་མེད་པར་གྱུར་བཞིན་པའི་ཛ་དྲག་གི་གནས་སྟངས་ཀྱང་གསུངས་འདུག དངོས་བདེན་གྱི་གནས་ཚུལ་ཡང་དེ་ལྟར་ཡིན་གྱི་བོད་ཀྱི་སྐད་ཡིག་གིས་བོད་པའི་སྐྱ་བོའི་སྡེ་ཚོགས་སྐྱོང་ཐབས་དགོས་པ་ནི་སྐད་ཡིག་གིས་དོར་ཐབས་མེད་པའི་ལས་འགན་ཞིག་ཡིན། དེའང་སྐྱ་བོའི་སྡེའི་གསར་སྐྱེས་ཚོས་རང་རིགས་ཀྱི་སྐད་ཡིག་ཐོག་ནས་རང་གི་མདུན་ལམ་སྐྲུབ་ཐབས་བྱེད་པ་ནི་རང་རིགས་ཀྱི་སྲོག་དབུག་ཕྲ་མོར་གསོན་ཤུགས་ཀྱི་ནུས་སྟོབས་སྦྱིན་པ་དང་གཅིག་མཚུངས་རེད།

 

གནས་སྟངས་དེ་འདྲར་བརྟེན། གཞུང་སྒེར་གྱི་འབྲེལ་ཡོད་སྒྲིག་ཚོགས་ཁག་གཅིག་གྱུར་གྱི་ཐོག་ནས་སློབ་མ་ཚོར་ཉུང་མཐའ་ཡང་འཛིན་རིམ་བཅུ་གཉིས་བར་གྱི་སློབ་ཚན་ནང་ཚན་རིག་སོགས་ཀྱི་ལེགས་ཆ་ནང་འདྲེན་གྱིས་སོ་སོའི་འཚོ་བ་དངོས་ཀྱི་རྒྱུད་རིམ་ནང་དམའ་མཐའ་ས་ནས་ཟ་རྒྱུ་དང་འཐུང་རྒྱུ་ཞིག་བསྐྲུན་ཐབས་མ་བྱེད་ན། མ་འོངས་བོད་ཀྱི་གསར་སྐྱེས་ཚོ་ངུ་ན་སྐད་འབྱིན་དཀའ་བ་དང་དགོད་ན་སོ་ཕྲིང་ཕྱིར་མངོན་མི་ཐུབ་པའི་སྐྱོ་ངལ་གྱི་དུས་རིམ་ཞིག་མི་ཡོང་བ་ཁ་ཚོན་གཅོད་མི་ནུས་སོ།