རྒྱ་མི་རྩོམ་པ་པོ་གྲགས་ཅན་ཝང་ལིའི་ཞུན་གྱི་དྲི་ལན་འགའ།
གཉིས། གོང་གསལ་དེབ་དང་འབྲེལ་བོད་ས་རྒྱ་མི་མེད་པ་སོགས་བྲིས་པའི་རྒྱུ་མཚན་སྐོར་གྱི་དྲིས་ལན་དུ་སྤྱིར་ན་རྒྱ་མི་བོད་དུ་འབྱོར་བ་མང་ཆེར་བོད་ཀྱི་གྲོང་ཁྱེར་ཁག་ཏུ་འཚང་ཡོད་པ་ལས་བོད་ཞིང་འབྲོག་ཁུལ་གྱི་གྲོང་གསེབ་ཏུ་ཧ་ཅང་ཉུང་ཉུང་ཡིན། (འདི་ནས་ད་དུང་ལན་ཡོད་ངེས་ལྟར་ཡང་ངས་བྲིས་མི་འདུག)
གསུམ། སྒེར་གྱི་རྩོམ་ནང་འཆར་ཡན་གྱི་བསམ་བློ་མང་ཙམ་ཡོད་པའི་སྐོར་ལ། ངས་རྩོམ་གྱི་ནང་དོན་གྱི་ཆ་ནས་གནས་དོན་རྙིང་པ་མང་བ་ཡོད་ཀྱང་གཙོ་བོ་བརྗོད་གཞི་ལ་གཞིགས་དགོས་པ་རེད། འཆར་ཡན་གྱི་བསམ་བློ་མང་ཙམ་ཡོད་སྲིད་པ་རེད།གང་ཡིན་ཟེར་ན།ང་རང་ཐོག་མར་བརྩམས་སྒྲུང་འབྲི་མཁན་ཞིག་ཡིན་པའི་ངོས་ནས་འགོ་བཙུགས་པ་རེད།དེ་མིན་བོད་ཀྱི་གཏམ་དཔེ་ལ་བོད་རེ་བས་ཕུང་རྒྱ་དོགས་པས་ཕུང་ཞེས་པ་དེ་ད་ཐེངས་སྡོག་ཕྱོགས་ཀྱི་ཚོར་བ་ལྟར་བྱུང་ཞིང༌།ང་རང་རེ་བས་ཁེངས་ནས་ཡོང་བ་ཡིན་ཡང་ཁྱོད་ཚོས་ང་ལ་དོགས་པ་བྱེད་པ་ལྟར་རེད།ངས་ནོར་འཕྲུལ་གང་བྱས་ཡོད་མེད་དེ་ཐད་ཀར་བརྗོད་ན་སྐྱོན་མེད་།ད་བར་སོ་སོས་ག་རེའི་ཐོག་ནོར་ཡོད་མེད་ཤེས་ཀྱི་མི་འདུག
བཞི། ཁྱོད་ཀྱི་ཉེ་འཁོར་དུ་བུད་མེད་མང་དག་ཅིག་ཡོད་པའི་ནང་འོད་ཟེར་དང་བཟའ་ཚང་སྒྲིག་དགོས་པའི་རྒྱུ་མཚན་དྲིས་པར། དེ་ནི་དངོས་བདེན་གྱི་ལས་དབང་གིས་ངེད་གཉིས་མཉམ་འཛོམས་བྱུང་ཞེས་བརྗོད་ན་འཚམ་ཤོས་འདུག གང་ཡིན་ཟེར་ན།སྐབས་དེར་འོད་ཟེར་ལོ་སུམ་ཅུ་སོ་བརྒྱད་དང་ང་ལྔ་ཅུ་ང་གཅིག་ཟིན་ཚར་ཡང་གཉིས་ཀ་འཆང་ས་མ་བརྒྱབ་པར་ཁེར་རྐྱང་རོལ་ནས་འདུག དེ་ནི་ཕན་ཚུན་རེ་སྒུག་བྱས་བསྡད་པའི་ཟོལ་འདྲ་རེད། ངེད་གཉིས་ངོ་ཤེས་པའི་རྒྱུད་རིན་ནང་ཐོག་མར་འོད་ཟེར་ལ་མོའི་ཕ་རྒན་གྱིས་བོད་དུ་རིག་གནས་གསར་བརྗེའི་སྐབས་སུ་བོད་མིས་སྡུག་གྱོང་རག་པའི་སྐོར་ཧ་ཅང་རིན་ཐང་ཆེ་བའི་དཔར་རིས་མང་པོ་ངའི་སར་འཁྱེར་ཡོང་ནས་བདག་ལ་ཡིད་ཆེས་བརྟེན་པོའི་ཐོག་གང་འདྲ་དགོས་མིན་དྲིས་པར་ངས་དེ་དག་རྩ་ཆེན་གྱི་རྒྱུ་ཆ་ཡིན་པ་ཤེས་རྗེས་བདག་ཉར་བྱ་ན་མི་འགྲིག་པར་མོ་རང་བོད་མི་ཡིན་པའི་ངོས་ནས་ལོ་རྒྱུས་ཀྱི་དཔང་པོ་དེ་དག་སྤྱི་བསྒྲགས་ཐུབ་ན་ལེགས་ཚུལ་གྱི་བསམ་འཆར་བཏོན་པ་ཡིན། དེ་རྗེས་ཐབས་ལམ་སྣེ་མང་བརྒྱུད་ཐེ་ཝན་ཕྱོགས་ནས་དཔར་བསྐྲུན་ཐུབ་ཅིང་དེབ་ཀྱི་མིང་ལ་དམར་བསད་དང་འཕྲོག་བཅོམ་ཞེས་པ་དེ་ཡིན། འདི་ལྟར་ལོ་དྲུག་ལྷག་གི་རིང་འགྲོགས་འབྲེལ་བརྒྱུད་ངེད་གཉིས་ཀྱི་འཚོ་བ་མཐུན་འགྲིག་བྱུང༌། དཔེ་དེབ་དེ་ནི་ལོ་བཅུའི་རིག་གནས་གསར་བརྗེའི་རིང་བོད་དུ་མནར་གཅོད་མྱང་བའི་དཔང་པོའམ་རྒྱུ་ཆ་གལ་ཆེན་ཞིག་གྱུར་ཡོད་ལ། དེ་སྔོན་གྱི་1966ནས་1969བར་དུ་རྒྱ་ནག་སྲིད་གཞུང་ཕྱོགས་ནས་དེའི་སྐོར་གྱི་ཡིག་ཆ་གསུམ་ནང་གནས་དོན་གྱི་ཟུར་ཙམ་བཀོད་པ་ལས་གཞན་རིག་གསར་སྐབས་བོད་ཀྱི་དོན་དག་བྲིས་པ་ནི་སྟོང་ཆ་ལྟར་གྱུར་ཡོད།
ལྔ། ཁྱོད་ཀྱི་བོད་ལ་འདུ་ཤེས་གང་འདྲ་ཞིག་བཅངས་ཡོད་མིན་དྲིས་པར། གཞོན་ནུ་སྐབས་སུ་བོད་ལ་དམིགས་བསལ་གྱི་སེམས་འདུན་གང་ཡང་མེད། བོད་ཀྱི་རི་ཆུ་ལ་ལུང་སོགས་དང་བོད་པའི་ཡུལ་སྲོལ་གོམས་གཤིས་སོགས་ལ་ཡ་མཚན་བའམ་དེ་དག་ཤེས་རྟོག་ཡོང་ཐབས་ཀྱི་སྒོ་ནས་རྩོམ་འབྲི་བ་ལས་དམིགས་བསལ་གྱི་སེམས་ཚོར་གང་ཡང་མེད། འོན་ཀྱང་འོད་ཟེར་དང་འཆམ་འགྲིག་བྱུང་རྗེས་རིམ་གྱིས་བོད་མིའི་སེམས་ཁམས་རྟོག་འདོད་དང་བོད་ལ་བརྩེ་བ་ཞིག་བཅངས་པའི་འགོ་བཙུགས་པ་རེད།
དྲུག བོད་རང་བཙན་ལ་མོས་མཐུན་ཡོད་མེད་སྐོར་དྲིས་པར་སྤྱིར་ན་འགྲོ་བ་མིའི་ཐོབ་ཐང་དང་། མི་རིགས་རང་ཐག་རང་གཅོད་བཅས་ཀྱི་ཐད་ནས་བཤད་ན། ང་རང་ངོས་ནས་བོད་རང་བཙན་ལ་དགག་བྱ་གང་ཡང་མེད། སྒེར་ངོས་ལ་མཚོན་ན་བོད་རང་བཙན་ཐོབ་ན་རྒྱལ་ཁབ་གཉིས་དབར་གྱི་མཐོང་ཆེན་ལག་འཁྱེར་ཐོག་ནས་བོད་ལ་བསྐྱོད་རྒྱུ་དང༌། ཡང་ན་བོད་རང་བཙན་མིན་ནའང་ང་རང་ཁྱིམ་མི་ཞིག་གི་ངོས་ནས་བོད་དུ་འགྲོ་ཆོག་ཆོག་ཡིན། འོན་ཀྱང་བོད་རང་བཙན་བྱེད་མིན་སྐོར་ཡག་ཤོས་བྱུང་ན། ༸ཏ་ལའི་བླ་མས་དགོངས་ཚུལ་གྱི་རྒྱུ་མཚན་ལྟར་བྱེད་ན་བཟང་སྙམ། རང་བཙན་ཐོབ་མིན་དེའང་གཙོ་བོ་འཐབ་རྩོད་བྱེད་མིན་ལ་རག་ལས་ཡོད་པ་ཞིག་རེད། ཡིན་ཡང་ཕྱོགས་གཉིས་ཀྱི་མི་མང་རྣམས་ཚེ་སྲོག་གི་འགྲོ་གྲོན་བཏང་མི་དགོས་པའམ་ཕྱོགས་གཉིས་ལ་འགལ་ཟླ་མི་ཡོང་བའི་ཐོག་ནས་ཐག་གཅོད་ཐུབ་ན་ཐབས་ལམ་ལེགས་ཤོས་དེ་རེད།
བདུན། རྒྱ་བོད་དབར་གྱི་གྲོས་མོལ་ཐེངས་བརྒྱད་ཙམ་ལ་གྲུབ་འབྲས་གང་ཡང་ཐོན་མེད་པའི་སྐོར་དྲིས་པར། བོད་རྒྱ་དབར་གྱི་གྲོས་མོལ་ཐེངས་བརྒྱད་ལ་གྲུབ་འབྲས་གང་ཡང་ཐོན་མེད་པ་གསལ་པོ་རེད། ཡིན་ཡང་གྲོས་མོལ་ཐེངས་བརྒྱད་བྱས་པ་དེས་ནུས་པ་ཏན་ཏན་ཐོན་ཡོད་པ་རེད། ད་ལྟའི་ཆར་བོད་རང་ཉིད་ཀྱི་ནུས་སྟོབས་གསོ་སྐྱོང་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་གྱི་གནད་དོན་ཞིག་རེད། དེའང་ཡུལ་གྱར་སྤྱི་ཚོགས་ཀྱིས་སོ་སོའི་དམངས་གཙོའི་ལམ་ལུགས་ལག་བསྟར་གང་འདྲ་བྱེད་མིན་དང༌། ནང་ཁུལ་གྱི་ནུས་ཤུགས་གང་འདྲ་གཅིག་གྱུར་བྱ་མིན་ལ་རག་ལུས་ཡོད། རང་མི་རིགས་ཀྱི་གཤིས་རྒྱུད་དང་འཚམས་པའི་དམངས་གཙོ་ལམ་ལུགས་ཤིག་སྲ་བརྟེན་ངང་གཟུག་ཐབས་ལ་ཤུགས་གནོན་རྒྱབ་དགོས། ངས་བོད་པ་ཚོས་དེའི་སྐོར་ལ་བསམ་བློ་གཏོང་ནས་འཆར་གཞི་གང་འདྲ་སྤེལ་མིན་མི་ཤེས། ཡིན་ཡང་མ་འོངས་བོད་མི་ཡོངས་རྡོག་རྩ་གཅིག་སྦྲིལ་གྱིས་འཆར་གཞི་གང་འདྲ་ལག་བསྟར་བྱ་མིན་ལ་རག་ལུས་ཡོད། རྒྱ་ནག་ཕྱོགས་ནས་༸ཏ་ལའི་བླ་མ་དགོང་པ་རྫོགས་པར་རེ་སྒུག་བྱེད་ནས་བསྡད་ཡོད། རྒྱ་བོད་གྲོས་མོལ་ཟེར་བ་དེའང་ཕྱི་ཚུལ་གྱི་རྣམ་པ་ཙམ་རེད། ཁོ་ཚོའི་ཕྱོགས་ནས་༸ཏ་ལའི་བླ་མས་དབུ་སྒུར་ནས་མགོ་རྟགས་ཞུས་རྗེས་ཁོ་ཚོའི་གང་བཤད་ལ་བརྩི་འཇོག་དགོས་པ་དེ་རེད། དེར་བརྟེན། ཁོ་ཚོས་དེའི་སྐོར་དོ་སྣང་ཆེན་པོ་བྱེད་ཁུལ་རེད། ཡིན་ཡང་རྒྱ་ནག་ཕྱོགས་ནས་དེའང་༸ཏ་ལའི་བླ་མའི་སྐུ་སྒེར་གྱི་དོན་དག་ཐག་གཅོད་བྱ་རྒྱུ་ཁོ་ནའི་ཐོག་ནས་གྲོས་མོལ་འགོ་བཙུགས་པ་ཞིག་རེད། ང་རང་སྒེར་ལའང་དེ་སྔོན་བོད་ནས་རྒྱལ་དབང་ཀརྨ་པའི་ཚུར་ཕུ་དགོན་པར་བཞུགས་རིང་ཆོས་སྒོ་དར་རྒྱས་ཆེ་ཞིང་ཁོང་ཡུལ་གྱར་དུ་ཕེབས་ནས་བཟུང་མ་དགོན་ཡང་སྟོང་ལྷང་ལྷང་གྱུར་བའི་གནས་སྟངས་རྦེད་དེ་གཉིས་སུ་གྱུར་བ་ལྟར་རེད། དེར་བརྟེན། ད་ལྟ་༸ཏ་ལའི་བླ་མ་འདས་རྗེས་ང་ཚོས་གཅིག་གྱུར་གྱི་རྡོག་རྩ་ཆིག་སྒྲིལ་གང་འདྲ་དགོས་མིན་དེ་གནད་དོན་གཙོ་བོ་རེད།
བརྒྱད། ཁྱོད་ཀྱི་དམངས་གཙོ་བརྒྱུད་སྤྲོད་ཅེས་པའི་སྐོར་བཤད་རོགས་ཅེས་པར། དམངས་གཙོ་བརྒྱུད་སྤྲོད་ཅེས་པ་ནི་ང་རང་གིས་ལོ་མང་ཞིབ་འཇུག་དང་དཀའ་ལས་རྒྱག་བཞིན་པའི་གཙོ་བོའི་བརྗོད་གཞི་ཞིག་ཡིན། འོན་ཀྱང་རྙོགས་འཛིང་ཆེ་བའི་དོན་དེ་འདིར་གསལ་པོ་གཅིག་བཟོ་མི་ཐུབ་ཀྱང༌། སྤྱིར་ན་དམངས་གཙོ་ལ་ཀུན་ཁྱབ་ཀྱི་རིན་ཐང་དང་སྤྱི་ཕན་གྱི་ཁྱད་ཆོས་ལྡན་ཡོད་ཀྱང་ད་ལྟའི་ཆར་ནུབ་ཕྱོགས་པའི་དམངས་གཙོ་ནི་ཆབ་སྲིད་ཚོགས་པའི་དབར་དབང་ཆ་འགྲན་རྩོད་ཀྱི་ཐོག་ནས་དར་སྤེལ་གཏོང་ཐབས་དེ་ཐད་ཀར་སྐྱབས་བཅོལ་སྤྱི་ཚོགས་སུ་ལག་བསྟར་བྱས་ན། ཆོལ་ཁ་ཆོས་ལུགས་དབར་གྱི་འཐེན་འཁྱེར་སོགས་འགྲན་རྩོད་དེ་དག་ཕྱིར་མངོན་མཚན་ཆེན་པོ་བྱུང་ནས་གཅིག་གྱུར་ལ་ཕམ་ཉེས་ཚབ་ཆེན་གཏོང་སྲིད་པ་རེད། ད་ལྟའི་དུས་སུ་སྐྱབས་བཅོལ་སྤྱི་ཚོགས་སུ་རང་ངོས་ནས་ཁྲིམས་ལག་བསྟར་དང་དཔྱ་ཁྲལ་བསྡུ་རུབ་ཀྱི་དབང་ཆ་ཆ་ཚང་མེད་པ་མ་ཟད། མི་མང་སུ་འདྲ་ཞིག་ཡིན་ཡང་དུས་ཚོད་ངེས་མེད་ནང་སྐྱབས་བཅོལ་སྤྱི་ཚོགས་ནས་ཁ་བྲལ་ཆོག་ཆོག་གི་གནས་སྟངས་འདི་རེད། གནད་དོན་དེའང་ངས་དམངས་གཙོ་བརྒྱུད་སྤྲོད་སྐོར་གྱི་བསམ་འཆར་བཏོན་དགོས་པའི་དོན་སྙིང་ཡིན། རྒྱ་ནག་ལ་མཚོན་ན་ད་ལྟ་སྤྱི་ཚོགས་ནང་ཁུལ་གྱི་འགལ་ཟླ་ཇེ་ཆེར་འགྲོ་བཞིན་ཟིང་འཁྲུག་ཆེན་པོ་ལངས་པའི་ཉེན་ཁ་ཡོད། དེ་བརྟེན། ད་ལྟའི་ཆར་ཁྱེད་ཚོས་རང་མི་རིགས་ཀྱི་ཁྱད་ཆོས་མ་བོར་བའི་ཐོག་ནས་དམངས་གཙོའི་ལམ་ལུགས་ཤིག་ལག་བསྟར་ཐུབ་པ་འབྱུང་ན། དེའང་རྒྱ་ནག་ཏུ་མ་འོངས་དམིགས་དཔེ་ལྟར་གྱུར་གྱི་ཡོད་པ་རེད།
དགུ། ཁྱེད་ད་ལྟ་བོད་རང་བཙན་རྩོད་ལེན་པ་ལྷག་པ་ཚེ་རིང་ངམ་རང་གཞུང་ཕྱི་དྲིལ་ཚོགས་ཁང་དུ་བོད་དོན་གླེང་བར་མ་འོངས་ཕྱིར་ལོག་ན་དཀའ་ངལ་འཕྲད་ཀྱི་རེད་དམ་ཞེས་པའི་དྲིས་ལན་དུ། དེའི་སྐོར་ང་རང་ཡང་སེམས་འཕྲལ་ཆེན་པོ་འདུག ཐོག་མར་ཁུ་སེམ་སེམ་གྱིས་ཕར་འགྲོ་ཚུར་འོངས་བྱ་དགོས་བསམ་པ་དང༌། གདན་འདྲེན་ཞུ་མཁན་ཕྱོགས་ལའང་དེ་ལྟར་ཡོང་ཐབས་ཞུས་པར་མོས་མཐུན་བྱུང་ཡང་། ད་ཆ་ཚང་མས་དཔར་བརྒྱབ་པ་དང༌། སྐད་འཇུག་པ་སོགས་གསར་ལམ་ཁག་ཀྱི་མི་མང་པོ་འབྱོར་ཡོད་སྟབས། རང་ངོས་ནས་ཕྱི་འཐེན་བྱེད་ན་འཚམ་པོ་མེད་པར་མཐོང༌། ང་རང་འདིར་ཡོང་བ་དེའང་རྒྱབ་ལྗོངས་མང་པོ་དང་འབྲེལ་མཐུད་མང་པོ་བརྒྱུད་ནས་ཡོང་ཐུབ་པ་བྱུང་ཡང༌། འོད་ཟེར་ལ་ད་དུང་ཡང་ཕྱི་སྤྱོད་ལག་འཁྱེར་རག་མེད་པ་མ་ཟད། གཞན་གྱི་དོ་དམ་ནན་པོའི་འོག་བཟང་བཙོན་ཚུལ་དུ་པེ་ཅིང་ལ་ཁེར་རྐྱང་དུ་གནས་ཡོད། དེ་སྔོན་རྒྱ་བོད་སུ་འདྲ་ཞིག་ཡིན་ཡང་མོ་རང་དང་ཐུག་འཕྲད་བྱས་རྗེས་ལམ་སེང་ཉེན་རྟོག་པས་དྲི་རྩད་ནན་པོ་བྱེད་ཀྱི་ཡོད། དེ་སྔོན་ལྷ་སར་ང་རང་གཉིས་ཀྱིས་གཉེན་ཉེ་ཚོ་གདན་འདྲེན་ཞུས་ནས་ཐུགས་སྤྲོ་ཞིག་བཏང་བའི་སྐབས་སུ་འོད་ཟེར་གྱི་ཚ་བོ་ཞིག་ཡོང་བ་ལས་གཞན་ཉེ་སའི་སྤུན་མཆེད་ཅིག་ཀྱང་ཡོང་ཐུབ་མི་འདུག ན་ནིང་ཟླ་གསུམ་པའི་ནང་ང་རང་གཉིས་ཀྱིས་གལ་ཏེ་གནས་ཚུལ་འདྲ་འབྱུང་ན་བཙོན་ནང་གི་ཡོ་བྱད་སོགས་གྲ་སྒྲིག་བྱས་ཚར་བ་ཡིན། རྩོམ་འབྲི་བར་སྙིང་སྟོབས་དགོས་ཀྱི་ཡོད། སྐབས་འགར་ངེད་གཉིས་ཁྱིམ་ནས་བཤད་མི་བདེ་བ་ཕྱི་ཕྱོགས་སུ་ཁ་བརྡ་བྱེད་དུ་འགྲོ་ཡི་ཡོད། ད་ལྟ་བར་མོ་རང་བཙོན་འཇུག་མ་བྱས་པ་ཙམ་ལས། དཀའ་ངལ་ངེས་ཅན་འཕྲད་བཞིན་པ་རེད།
བཅུ། པེ་ཅིང་གི་དཔྱིད་ཀ་ཅེས་པའི་རྩོམ་སྒྲིག་འགན་གཙོས་དམངས་གཙོ་ཞེས་པ་ནི་ལམ་ལུགས་དེའི་འབྱུང་ཁུངས་ལྟར་སྤྱི་ཁྱབ་ཀྱི་དོན་ཕན་དེ་ལས་ཤར་ཕྱོགས་ཀྱི་དམངས་གཙོ་དང་ནུབ་ཕྱོགས་ཀྱི་དམངས་གཙོ་ཞེས་པའི་ཁྱད་པར་མེད་སྐོར་བརྗོད་པར་བསམ་ཚུལ་ག་རེ་ཡོད་དྲིས་པར། དེ་ནི་ངས་གོང་བསལ་བཤད་པའི་རྒྱུད་སྤྲོད་ཀྱི་དམངས་གཙོའི་སྐོར་ཞིབ་འཇུག་དང་བསམ་འཆར་བཏོན་དགོས་པའི་དོན་དག་ཅིག་རེད། ནུབ་ཕྱོགས་པའི་དམངས་གཙོ་ཐད་ཀར་ཡུལ་གྱར་སྤྱི་ཚོགས་སུ་ལག་བསྟར་བྱས་ན་འཚམ་མིན་གྱི་གནད་དོན་ཡང་རེད། སོ་སོའི་མི་རིགས་ཀྱི་ཁྱད་ཆོས་མ་བོར་བའི་ཐོག་ནས་དམངས་གཙོ་ལམ་ལུགས་ཤིག་སྤེལ་དགོས།
བཅུ་གཅིག གོང་ས་མཆོག་དང་འཕྲད་དུས་ཁོང་གིས་ཁྱེད་ལ་ག་རེ་གསུངས་ཀྱི་འདུག་སྐོར། ༸ཏ་ལའི་བླ་མས་བོད་རྒྱ་འབྲེལ་མཐུད་སྐོར་མང་པོ་གསུངས་ཀྱི་འདུག་ལ་བོད་ཆོལ་གསུམ་མི་མང་གི་དོན་ལ་ཐུགས་འཁུར་ཡོད་སྐོར་གསུངས་བྱུང༌། ངས་བོད་ཀྱི་དོན་དག་དེ་ཚོ་ད་དུང་བོད་མི་མང་གིས་སྒྲུབ་ཆོག་གི་རེད་ལ་བསྒྲུབ་ཀྱང་སྲིད་པ་རེད། འོན་ཀྱང་ད་ལྟའི་ཆར་༸ཏ་ལའི་བླ་མས་ཁོ་ནས་སྒྲུབ་ཐུབ་པའི་བྱ་བ་ཞིག་ཡོད་པ་དེ་སྒྲུབ་དགོས་པའི་སྐོར་ཞུས་པ་ཡིན། དེ་ནི་སྐྱབས་བཅོལ་སྤྱི་ཚོགས་མ་འོངས་པར་དམངས་གཙོ་ཅན་དུ་གང་འདྲ་བསྒྱུར་མིན་དེ་རེད། སོ་སོའི་མི་རིགས་ཀྱི་གོམས་གཤིས་དང་ཆ་རྐྱེན་དང་འཚམ་པའི་དམངས་གཙོའི་ལམ་ལུགས་ཤིག་ལག་བསྟར་བྱ་རྒྱུ་ནི་ད་ལྟའི་ཆར་༸ཏ་ལའི་བླ་མའི་དབང་ཚད་གཙོ་བོར་བརྟེན་ནས་སྒྲུབ་ཐུབ་པའི་བྱ་བ་ཉག་ཅིག་རེད།དེ་འདྲའི་ལམ་ལུགས་ཤིག་ད་ལྟའི་ཆར་འཚོལ་ཐུབ་པ་བྱུང་མེད།
