རྒྱ་ནག་བུད་མེད་ཚོའི་སྐྱོ་གར།
དེའང་འདི་ཟླའི་ཚེས་བཅུ་ཉིན་གཞུང་ལམ་མདུན་གྱི་ཟུར་ཞིག་ནས་ཁྲི་ཡ་ཐིང་དང་གློག་ཤུགས་ལ་བརྟེན་དགོས་པའི་རྐང་འཁོར་བཞོན་མཁན་སྐྱེས་པ་ཞིག་དང་ཁ་རྩོད་ཤོར་རྗེས་སྐྱེས་པ་དེས་མོ་རང་ལམ་ཟུར་དུ་རྡུང་རྡེག་ཚད་མེད་བཏང་ནས་དྲན་མེད་དུ་གྱར་བ་དང༌། ལམ་འགྲོ་བའི་མི་ཚོས་གནས་ཚུལ་དེ་ཉེ་འཁྲིས་ཀྱི་སྨན་ཁང་ལ་བརྡ་ལན་འཕྲོད་ཐབས་ཀྱིས་སྨན་ཁང་དུ་འབྱོར་ཡང་དུས་ཡུན་རྗེས་སུ་སྨན་པས་རྒྱ་མོ་ཁྲི་ཡ་ཐིང་གི་གཟུངས་ཕུང་གནད་ཆེ་ས་ཡོངས་རྫོགས་ལ་རྨས་སྐྱོན་ཚབ་ཆེན་ཕོག་ཡོད་པ་བཤད་ཅིང་། སྨན་ཁང་ཕྱོགས་ནས་དུས་ཡུན་ཆུ་ཚོད་གཅིག་དང་སྐར་མ་བཅོ་ལྔའི་རིང་མྱུར་སྐྱོབ་ཀྱི་ཐབས་ལམ་ཡོངས་བེད་སྤྱོད་ཀྱང་མཐར་རྒྱ་མོ་དེ་ཀླད་ཁྲག་འདྲེས་ནས་ཤི་བའི་གནས་ཚུལ་བརྗོད་འདུག
སྐབས་དེར་རྒྱ་མོ་ཁྲི་ཡ་ཐིང་སྐྱེས་པ་ལོ་སུམ་ཅུ་ཡས་མས་ཙམ་ཞིག་གིས་སྐྲ་ནས་འཇུས་ཏེ་མགོ་གྱང་ཐོག་ཤུགས་ཡོད་ཚད་ཀྱིས་རྡེག་པ་དང༌། ད་དུང་ཉེ་འཁོར་ཚོང་ཁང་གི་ཤེལ་སྒོའི་སྒེའུ་ཁུང་ཟུར་ལ་ཐེངས་མང་རྡེབ་ཅིང༌། དུས་མཚུངས་སུ་སར་གཡུག་ནས་མོའི་མགོ་དང་སྙིང་ཁ་བཅས་གང་བྱུང་ཤུགས་ཡོད་རྒུས་བཞུས་རྗེས། མོའི་ཁ་ནས་ཁྲག་ཐོན་ཞིང་གདོང་མདོག་དཀར་རྐྱང་གྱུར་ནས་དྲན་མེད་གྱར་འདུག
ཡིན་ཡང་སྐྱེས་པ་དེས་ད་དུང་བློ་ཡིད་མ་ཚིམས་ནས་རྡུང་རྡེག་མཚམས་མ་འཇོག་པར་མུ་མཐུད་སྨྱོས་པ་ལྟར་མོ་ལ་རྡུང་རྡེག་དྲག་པོ་གཏོང་བཞིན་པའི་གནས་ཚུལ་དེ་ལམ་འགྲོ་བ་ཞིག་གིས་མཐོང་འདུག ཁོས་བཤད་གསལ་ལྟར་ན་ རྐང་འཁོར་བཞོན་མཁན་གྱི་སྐྱེས་པ་དེས་རྐང་འཁོར་བཞོན་ཏེ་རྒྱ་མོ་ཁྲི་ཡ་ཐིང་གི་གཟུགས་པོར་རྡུང་ཁ་ཐེབས་པར་བརྟེན་ནས་ཁོ་གཉིས་རྩོད་པ་ཉུང་ཙམ་ཤོར་ཡོད་ཚོད་ཀྱིས་མོས་སྐྱེས་པ་དེར་རྒྱུ་མཚན་བཤད་དུས་སྐྱེས་པ་ཁོང་ཁྲོ་མེ་ལྟར་འབར་ནས་མོ་ལ་རྡུང་རྡེག་ཚད་མེད་བཏང་བ་རེད་འདུག སྐབས་དེར་ལོ་རྒན་དྲུག་ཅུའི་རྒྱ་རྒས་པོ་ཞིག་མདུན་དུ་ཕྱིན་ནས་བཀག་འགོག་བྱ་རྩིས་དང༌། མི་མང་ཡང་དེར་འདུས་བར་མཐོང་དུས། སྐྱེས་པ་དེ་རྐང་འཁོར་བཞོན་ནས་མགྱོགས་མྱུར་བྲོས་ཚར་བ་དང་ད་ལྟའི་ཆར་གྱོད་དོན་དེ་རྟག་དཔྱད་བྱེད་བཞིན་པའི་ཚུལ་དུ་ཡོད་འདུག
དེ་མིན་འདི་ཟླའི་ཚེས་བཅུ་གཉིས་ཉིན་གྱི་ཉིན་དགུང་དུས་སུ་རྒྱ་ནག་ཧང་ཀྲོ་རྐང་པ་འཁྲུ་སའི་ལས་ཁང་ཞིག་ནང་བུ་མོ་ཞིག་དུག་འཐུང་ནས་དྲན་མེད་གྱར་བ་དང༌། མོའི་ལྟོ་བའི་སྒང་ལ་ང་བཙན་གཡེམ་ཐེངས་མང་བྱས་པ་དང་ལང་ཚོ་རྩ་མེད་བཏང་བྱུང༌། ང་ལ་བཙན་གཡེམ་བྱས་བྱུང་ཞེས་བྲིས་ཡོད་འདུག འོན་ཀྱང་སྨན་ཁང་དུ་བསྐྱལ་ནས་དྲན་པ་སོས་རྗེས་སྨྱོ་ཞད་ལྟར་གྱུར་ནས་རིག་པ་འཕྲུལ་ཡོད་པའི་སྐབས་སུ་གཞན་ལ་མོའི་ལྟོ་བའི་སྒང་གི་ཡི་གེ་དེ་དག་མོས་བྲིས་མེད་ལ་འབྲི་ཡང་མི་ཤེས་སྐོར་བཤད་འདུག དེར་གསར་འགོད་པ་ཞིག་གིས་ཐབས་ཤེས་བཏང་ནས་དེའི་སྐོར་དྲི་ཐབས་བྱས་ཀྱང་མོས་གསལ་པོ་བཤད་ཐུབ་མི་འདུག་ལ། བུ་མོ་དེའི་གནས་སྟངས་ཀྱང་ད་ལྟའི་ཆར་རྟག་དཔྱད་དགོས་པའི་གནས་སུ་ཡོད་འདུག
དེ་བཞིན་སྡོན་ཙམ་ལ་ལོ་ཆུང་བུ་མོ་ཞིག་པེ་ཅིང་དུ་གྱོད་གཏུག་བྱེད་དུས་ཉེན་རྟོག་པས་བཙན་གཡེམ་བྱས་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད།
གོང་གསལ་ནི་ཉེ་དུས་རྒྱ་ནག་བུད་མེད་འགའི་ཁོར་ཡུག་ངན་པ་དེའི་འོག་ཏུ་བྱུང་བའི་སྐྱོ་གར་ཡིན་ཞིང་དེ་ནས་ངེད་བཙན་བྱོལ་སྤྱི་ཚོགས་སུ་བུད་མེད་རྡུང་མཁན་གྱི་ཕོ་རྒོད་པོ་ཡིན་ཟེར་བའི་སྐྱེས་པ་མེད་པ་མིན་ཡང༌། དེ་མིན་འདིར་བྱུང་བའི་ལྡོག་ཕྱོགས་ཀྱི་གནས་ཚུལ་འགའ་བརྗོད་ན།བུད་མེད་ཚོའི་ངོས་ནས་མ་འདང་སའང་མང་དག་ཅིག་ཡོད་པ་བཞིན། ཉེ་དུས་བཟའ་ཟླ་དང་བུ་ཕྲུག་ཡོད་པའི་བུ་མེད་ཅིག་གིས་དྲོད་སྐྱིད་ཀྱི་ཁྱིམ་གཞི་སྣང་མེད་སྐྱུར་རྗེས་མི་གཞན་དང་འཁྱམ་མྱུར་རྒྱུན་རིང་བྱས་མཐར་སླར་ཁྱོ་བོ་སར་ཕྱིར་ལོག་ནས་མོའི་བྱེད་སྟངས་ནོར་ཡོད་ལུགས་སོགས་ཀྱིས་ཅོལ་ཆུང་བྱ་བ་བྱུང་བ་མ་ཟད། མདོག་མེད་ལ་རྒྱུ་ནོར་གྱི་རྒྱབ་བརྟེན་ཐུག་པོ་མེད་པས་ཁྱོ་བོས་མོ་ལ་ད་ཁྱོད་རང་གི་འདོད་པ་ལྟར་བྱོས། ང་ནི་གཙོ་བོ་ཕྲུ་གུའི་ངོ་ལ་བལྟས་པ་ཡིན་ཞེས་བརྗོད་ཅིང་སླར་བཟའ་མི་གཉིས་ཕྱིར་འགྲིག་ཐབས་བྱེད་པའི་གནས་ཚུལ་དང༌།
དེ་མིན་ཤེས་བྱའི་སྤུས་ཚད་ཞན་ཞིང་འཆར་ཡན་གྱིས་བསམ་ངན་རྒོད་པའི་བུད་མེད་འགས་སོ་སོ་དང་ཁྱིམ་གཞི་བསླག་བའི་གནས་ཚུལ་མི་འདྲ་བ་ཇི་ཉིད་ཅིག་འབྱུང་དང་བྱུང་བཞིན་པ་འདི་ནི་བུད་མེད་ཚོར་བསམ་བློ་དང་བྱ་སྤྱོད་བཅས་ཐད་ལ་བཟང་པོའི་སློབ་གསོའི་གོ་རིམ་མེད་པ་མ་ཟད། ཕ་རོལ་པོས་བསླུ་བྲིད་བྱེད་ཆོག་ཆོག་དང་། ཡང་ན་ཐབས་ཤེས་ཡོད་དགུས་སྐྱེས་པ་བསླུ་ཐབས་ཀྱི་བྱ་ངན་ལ་འཇུག་ཅིང༌། སྤྱི་ཚོགས་ཁོར་ཡུག་སྤྱིའི་ཆ་ནས་བག་མེད་ལོངས་སྤྱོད་ཀྱི་རྣམ་གཡེང་ཆེ་ཞིང༌། བཟང་པོ་ལ་བསྟོད་ར་དང་ངན་པར་ཐད་འདོན་མེད་པས་རེད་སྙམ།
གལ་ཏེ་མུ་མཐུད་འདི་ལྟར་བུད་མེད་ཚོའི་སློབ་གསོ་ལ་སྣང་མེད་སྐྱུར་བཞག་པ་ཡིན་ན། དོན་དམ་ཁྲིམས་ཀྱི་སྟངས་འཛིན་དཀའ་ཞིང་ཀུན་སྤྱོད་འཆོལ་བའི་མི་རྣམས་ཀྱིས་རང་གཞན་གཉིས་ཕུང་གི་བྱ་བ་གང་མང་བརྩམ་སྲིད་པ་མ་ཟད།ཕྲུ་གུའི་ཨ་མས་རང་གི་ཕྲུ་གུ་ལ་ཆུང་དུས་ནས་མི་ཚེའི་སྣེ་ཤེན་དང་ལེགས་ལམ་གྱི་འཇུག་སྒོར་འཁྲིད་མ་ཐུབ་པ་དང༌། སྐྱེས་པ་ཚོས་ཀྱང་བུད་མེད་ཀྱི་གནས་དོན་དེ་དག་ཆུང་ཙག་ཙིག་གི་དོན་དུ་འདོད་དེ་སྣང་མེད་བསྐྱུར་འཇུག་པ། དེ་མིན་སྐྱེས་པ་ཚོའང་གཅིག་མཚུངས་ཀྱི་ཤེས་འཇོན་གྱིས་དབེན་ཞིང་གཟུགས་ཕུང་གི་ཤེད་ཤུགས་ཁོ་ནར་བརྟེན་ནས་བུད་མེད་ཚོར་བཅའ་རྡུང་སོགས་ཀྱི་བྱ་སྤྱོད་ངན་པ་དེའི་རིགས་ཡུལ་གྱར་བོད་མིའི་ཁྲོད་དུའང་མེད་པ་མིན།
འདི་ལྟར་བུད་མེད་ཀྱི་ལས་དོན་ནམ་ཡང་ན་སྐྱེད་མ་ཚོའི་ལས་དོན་ལ་སྣེ་ཤེན་དང་རྒྱབ་སྐྱོར་མེད་སོང་ན་ང་ཚོའི་མ་འོངས་གསོན་རྩ་ཚོའང་ནང་པ་ཚོའི་ཁོར་ཡུག་ཏུ་འཚར་ལོངས་འབྱུང་བཞིན་པར་མོད་ཀྱང༌། ཨ་མ་གཙོས་ཕ་མ་སྤུན་མཆེད་ཀྱི་བསླབ་བྱ་བཟང་པོ་དང།བརྩེ་བ་དང་མས་སེམས་གསོ་མཁན་མེད་སོང་ན་གངས་ཅན་པའི་མི་རབས་རྗེས་མ་རྣམས་ཡུལ་གྱར་ལུང་དུ་རྣམ་གཡེང་གི་མི་ཚེ་སྟོང་ཟད་བཏང་སྟེ་བོད་པའི་སྤྱི་ཚོགས་ཡོངས་ལ་གྱོད་རྒུད་ངེས་ཅན་རག་པ་ནི་གདོན་མི་ཟའོ།