ང་དང་བཟང་མོའི་མཛའ་འབྲེལ།

 


བཟའ་ ཟླ་བུ་ཕྲུག་དང་རྒས་འཁོག་ཡོད་པ་རྣམས་ནི་མཐོང་སྣང་ལ་ལུགས་མཐུན་ནམ་འཐུས་སྒོ་ ཚང་བའི་འཇིག་རྟེན་པའི་འཚོ་བ་རོལ་སའི་ཁོར་ཡུག་ཅིག་ཡིན་པ་རེད།དེ་དག་ནང་གི་ རྒས་འཁོག་ཉུང་ཤོས་ཀྱང་ཁྱིམ་གཞིའི་ནང་ལས་དང་འཚོ་བར་རོགས་འདེད་ཀྱི་བྱ་བ་གྲུབ་ རྗེས་ཞོགས་དགུང་གི་དུས་ཚོད་དམ་འཛིན་གྱིས་དབུས་དཔེ་མཛོད་ཁང་དང་ཡང་ན་གནས་ཆུང་ ལ་དགོན་བསྐོར་འགྲོ་ཡི་ཡོད། ཕ་མ་ཚོས་ཉིན་ལྟར་ཕྲུ་གུ་ཚོ་ཉེ་འགྲམ་གྱི་བུ་གསོ་ཁང་དང་དམའ་རིམ་སློབ་ཆུང་ཁག་ ཏུ་བསྐྱེལ་བསུ་བཅས་བྱེད་ཀྱི་རེད། དེ་མིན་མི་རྣམས་ཀྱི་གཟའ་སྤེན་པ་གཉིས་པ་དང་གཟའ་ཉི་མའི་དགུང་སེང་གི་དུས་ཚོད་ དམ་འཛིན་གྱི་ཁྲོམ་གཞུང་དུ་ཉེ་མཁོ་ཅ་དངོས་དང་སྔོ་ཚལ་འབྲུ་རིགས་བཅས་སོགས་ཉོ་ སྒྲུབ་བྱེད་པ་དེའང་རྒྱུན་གཏན་ནམ་སྤྱི་མཚུངས་ཀྱི་གོ་རིམ་ལྟར་ཡིན།

 

 འོན་ ཀྱང་གོང་བཞིན་ཁྱིམ་གཞི་འཐུས་ཚང་ལྟར་མེད་པ་ནི་ཁེར་རྐྱང་གི་ཕོ་མོ་རྒན་གཞོན་ དག་ཡིན་གྱི།ཁེར་རྐྱང་འཚོ་མཁན་ངོ་ཤེས་མང་ཆེ་བར་བསུན་བཙིར་འོག་ལྷིང་འཇགས་ནང་ ཉི་ཟླ་ཕུད་དེད་བྱེད་ཅིང༌།སྐབས་རེར་གྲོགས་ཕོ་མོ་དང་སྤུན་མཆེད་མཉམ་འཛོམས་ བྱེད་རྒྱུ་རག་པ་ཕུད་།མི་མང་ཆེར་གྱི་ཁང་ཆུང་རེ་སྲུང་བཞིན་ཉིན་རེའི་དུས་གསུམ་ གྱི་ཁ་ལག་དེའང་ལུགས་མཐུན་གྱི་གཏན་འཇགས་རག་གི་མེད་ཚོད་འདུགསྒེར་ངོས་ནས་དུས་ ཚོད་མང་ཆེར་ལས་ཁང་གི་བྱ་བ་སྒྲུབ་དགོས་པ་དང༌།ཆུ་ཚོད་བརྒྱད་ལྷག་སྒྲིག་སྲོལ་ གྱི་དུས་ཚོད་མིན་པའི་དུས་ཁོམ་བྱུང་ཚེ།རྩོམ་ཐར་ཐོར་རེ་འབྲི་ཐབས་བྱེད་ཅིང་། དེ་མིན་སྔོན་ནས་དབྱིན་ཡིག་ཁ་བརྡའི་ཟུར་སྦྱོང་རེ་བྱ་འདོད་པར་བརྟེན།འབྲེལ་ ཡོད་བརྒྱུད་དེའི་ཐད་ཐེངས་འགར་ཐབས་ཤེས་བྱས་པ་ཡིན།

 

 དེའང་ ཟླ་བ་གཉིས་རིང་གི་སློབ་ཡོན་ཕུལ་ནས་གཞུང་ཕྱོགས་ནས་གོ་སྒྲིག་ལྟར་གངས་སྐྱིད་ ཉེ་འགྲམ་གཟའ་འཁོར་རེར་ཉིན་གཉིས་ནང་གཞུང་ཞབས་ཚོར་དམིགས་པའི་དབྱིན་ཡིག་བརྡ་ སྤྲོད་གཙོས་པའི་ཟབ་སྦྱོང་ཞིག་ཏུ་འཛུལ་བ་ཡིན།འོན་ཀྱང་སྒེར་ངོས་ཀྱི་དབྱིན་ སྐད་སྐྱོ་བའི་ཁར་དགེ་རྒན་དེའང་བོད་ཡིག་མི་མཁྱེན་མཁན་གྱི་དར་གཞོན་མ་ཞིག་ཡིན་ སྟབས།བདུན་ཕྲག་འགའི་རིང་སློབ་ཚན་ཉན་ཡང་ཡུལ་ལུང་གི་དཔེ་བཞིན་རྨོངས་པས་གནམ་ ཡིག་ཉེན་བའི་ཚུལ་ལྟར་གྱུར་ཏེ་ནང་དོན་གྱི་བརྒྱ་ཆ་ཕྱེད་ཙམ་ཡང་ཤེས་རྟོག་དཀའ་ བར་འདུག་པར་བརྟེན།དོན་དེ་དང་འབྲེལ་ནས་ངས་དེའི་རིང་ང་ཚོའི་ལས་ཁང་འགྲམ་ནས་ཕར་ ཚུར་འགྲོ་མཁན་གྱི་དམིགས་བསལ་བའི་བུ་མོ་ཞིག་ལ་དོ་སྣང་བྱས་པ་མ་ཟད།དེ་རྗེས་ངོ་ ཤེས་ཚོས་མོ་རང་གཞུང་ཞབས་ཡིན་པའི་སྐོར་བརྗོད་སྟབས།མོ་དང་ཐེངས་ཁ་ཤས་སྐད་ཆ་ བཤད་ཅིང་ཉེ་རུ་བཏང་བ་ཡིན།ཐེངས་འགར་འབྲེལ་ནས་ངས་མོ་རང་ལ་དབྱིན་ཡིག་སྦྱོང་ འདོད་ཀྱི་རེ་འདུན་བཏོན་བར་མོས་ཐེ་ཚོམས་ཙམ་མེད་པར་ལམ་སེང་དྭངས་ལེན་བྱེད་པ་མ་ ཟད།ག་དུས་ཡིན་ཡང་འགྲིག་པའི་མོས་མཐུན་བྱུང༌།

 

 ཉིན་ དེ་ནས་བཟུང་ང་དགའ་ལྷང་ལྷང་ངང་བུ་མོ་དེའི་ཁྱིམ་དུ་དབྱིན་ཡིག་ཚིག་རེ་སྦྱོང་ བར་འགོ་ཚུགས་པ་ཡིན། སྔ་རྗེས་ཉི་མ་བཅུ་གྲངས་རིང་ངས་མོ་རང་གིས་ད་དུང་ཉེ་འཕྲིས་སུ་བསྡད་པའི་ཨ་ནེ་ ཞིག་ལའང་དབྱིན་ཡིག་སློབ་འཁྲིད་ཀྱིས་ཟླ་ཤེས་སོང་བའི་གནས་ཚུལ་ཡང་རྟོགས།བུ་མོ་ དེའི་མིང་ལ་བཟང་མོ་ཟེར་བ་དང་།ཆུང་དུས་ནས་རྒྱ་གར་དུ་འབྱོར་རྗེས་མོ་རང་ལས་ ཆུང་བའི་བུ་མོ་སྤུན་ཉེ་དང་མཉམ་དུ་བོད་ཁྱིམ་སློབ་གྲྭར་མཐར་སོན་རྗེས་སྤུན་ མཆེད་བུ་མོ་དེ་ལྡི་ལིར་སྨན་ཞབས་ཀྱི་སློབ་གཉེར་ནང་ཞུགས་བཞིན་ཡོད་པ་དང༌།བཟང་ མོ་ཡང་སློབ་ལོ་བཅུ་ལྔ་བར་མཐར་སོན་བའི་ཉེ་དུས།མི་བཅུ་གྲངས་དང་མཉམ་དུ་ཡིག་ཚད་ ཀྱི་སྒུག་ཐོའི་གོ་རིམ་བརྒྱུད་གཞུང་ཞབས་ལས་འཇུག་གི་གོ་སྐབས་བཟང་པོ་རག་འདུག་ དེ་ནས་ང་དང་ཨ་ནེ་གཉིས་ཕྱི་དྲོའི་དུས་ཚོད་མང་ཆེར་བཟང་མོ་སར་དབྱིན་ཡིག་སྦྱོང་ བ་མ་ཟད། དམིགས་བསལ་ང་དང་བཟང་མོ་དབར་སེམས་ཐག་ཉེ་རུ་འགྲོ་བཞིན། མཚམས་རེར་མཉམ་དུ་བསྐོར་བ་འགྲོ་བ་དང༌། ཡང་མཚམས་རེར་ཕན་ཚུན་གྱི་ནང་དུ་གླེང་མོལ་མང་ཙམ་བྱེད་ཀྱི་ཡོད།

 

 བཟང་ མོ་རང་ངོས་ནས་ཁེངས་སྐྱུང་གི་ཚུལ་དུ་མོ་རང་སློབ་གླིང་དུ་ལོ་འགར་བསྐྱར་སྦྱོང་ རིང་སོ་སོས་བརྩོན་འགྲུས་སམ་སྡུག་རུས་ཆེན་པོ་ཡིན་པ་ལས་རིག་པ་སྐྱོ་བར་ངོས་ འཛིན་གྱི་འདུག་ཀྱང༌། ངའི་མིག་ནང་བཟང་མོ་ནི་རིག་པ་གསལ་ཞིང་སྤྱང་གྲུང་འཛོམས་པ། དྲན་ཤེས་མྱུར་བ། འཚོ་བར་རྒྱས་སྤྲོས་ཀྱིས་དབེན་ཞིང༌། གཤིས་སྤྱོད་ཤིན་ཏུ་བག་ལྷོད་པའི་གཞོན་ན་མ་ཞིག་ཡིན་པ་མ་ཟད། ད་དུང་སེར་སྣའི་བཙོག་དྲིས་མ་སྦགས་པའི་ལེགས་ཆ་དུ་མར་ལྡན་བའི་མིང་དོམ་མཚུངས་ བའི་ཡ་རབ་ཀྱི་བཟང་མོ་ཞིག་རེད།

 

 ཡིན་ ཡང་དེང་སང་བོད་ཡུལ་གྱར་བ་མང་པོའི་གནས་སྟངས་བཞིན།བཟང་མོའང་རྟག་ཏུ་ཁེར་རྐྱང་ གི་འཚོ་བར་གོམས་འདྲེས་གཏིང་ཟབ་ཅིང༌།རྒྱུན་གཏན་ལམ་བར་དུ་ཕར་འགྲོ་ཚུར་འོངས་ སྐབས་སུ་གཡས་གཡོན་གྱི་མི་ལ་ལྟ་ཙམ་ཡང་མི་བྱེད་པར་མགོ་བོ་ས་ལ་དུད་ནས་འགྲོ་བ་ དང༌།འཚུབ་ཆ་ཆེ་མདོག་གི་གཟུགས་ཕུང་རྐམ་རེད་དེར་རྒྱུས་མེད་ཚོས་ལྟས་པ་ཡིན་ན། བཟང་མོ་ནི་དམིགས་བསལ་ལམཁྱད་མཚར་བ།ཡང་ན་རྒྱུན་དུ་མི་རྣམས་ཀྱི་ཁ་ལ་གོམས་ཚར་ བའི་ལབ་གླེང་ལྟར་ཀླད་པ་ན་ཚ་ཅན་ནམ་རིག་པ་སྐྱོན་ཅན་ཞིག་མིན་མན་སྙམ་པའི་སྣང་ རྟོག་ཐད་ཀར་སྤྲོད་ཀྱི་ཡོད།

 

 མི་ ཚེའི་ནང་སྡུག་གི་ཁུར་པོ་འཁྱོག་ཚད་ཅིག་གིས་ཉམས་མྱོང་རག་མྱོང་བའི་ངས་བཟང་མོ་ ནི་དངོས་གནས་དྭངས་གཙང་གི་བཞུར་རྒྱུན་ཞིག་དང་མཚུངས་བར་མཐོང་ཞིང༌།བུ་མོ་མང་ ཆེར་སྣང་རྟོག་གིས་རྐྱེན་ནའང༌།མཛའ་འབྲེལ་གྱི་ཕུ་ཐག་ཐུང་བ་སོགས་ཀྱི་སྐྱོན་ཆ་ དབེན་པའི་ལེགས་ཆ་དུ་མ་ལྡན་པ་ཞིག་རེད་འདུག་སྙམ།བཟང་མོ་དང་ང་རང་འདྲ་སའང་དུ་མ་ ཡོད་པ་ནི་དེ་སྔོན་མཐོ་སློབ་ཀྱི་ཟང་ཟིང་བརྒྱུད་མྱོང་བ་མ་ཟད།གཞོན་ནུ་མའི་དུས་ སློབ་གྲོགས་ཕོ་མོ་ཚོའི་ཡིད་བརྟེན་བྲལ་ཞིང་འཁྲུག་ཆ་ཆེ་བའི་འཚོ་བ་དེ་དག་རེད། སྤྱིར་ན་བུ་མོ་རྣམས་འཛིན་རིམ་བཅུ་ལྔ་བཅུ་དྲུག་གི་མཐོ་སློབ་རིམ་བརྒྱུད་སྐབས་ མང་ཆེར་བར་མ་མདོའི་ནས་དགའ་རོགས་དང་ཕྱིའི་མཛེས་ཉམས་བཏོན་རྒྱུ་སོགས་ཀྱི་རྣམ་ གཡེང་གཙོ་བོར་བརྟེན།མང་ཆེར་སློབ་ཆེན་གྱི་རྭ་བ་ནས་མཐར་མ་སོན་པར་གནས་སྟངས་ དེར་གཅིག་མཐུན་གྱི་བསམ་ཚུལ་བྱུང་བ་དེ་རེད།

 

 དེ་ མིན་བཟང་མོ་ལྟར་སྡུག་རུས་ཅན་གྱི་བུ་མོ་ཉུང་ཤོས་སྦྱོང་བརྩོན་མཐར་སོན་པ་བྱུང་ ཡང་།དེ་ནི་ན་གཞོན་མ་དེ་དག་གི་ལུས་ངག་ཡིད་གསུམ་གྱི་དཀའ་སྤྱད་ཆེས་ཆེར་བྱས་ པའི་མཐའ་འབྲས་རེད།དེ་མིན་བཟང་མོ་དང་འགྲོགས་འབྲེལ་བརྒྱུད་བཟང་མོ་ལོ་ངོ་ཉི་ ཤུ་རྩ་གྲངས་ལོན་ཞིང་ལང་ཚོ་དར་བའི་དུས་ཡིན་རུང༌།མོ་ལ་དགའ་རོགས་མེད་པ་མ་ཟད། སྔོན་ནས་ད་བར་དགའ་རོགས་ཀྱི་གྲིབ་མ་ཙམ་ལའང་འགྲོགས་མ་མྱོང་བའི་གནས་སྟངས་དེ་ རེད།དེ་ནི་གང་ཟག་སྒེར་གྱི་གཤིས་སྤྱོད་ལ་གཙོ་བོར་རག་ལུས་ཡོད་ངེས་ཀྱང༌།བཟང་ མོས་མོ་རང་ལ་དགའ་རོགས་མ་བྱུང་བ་དེ་གནས་སྟངས་གཞན་འགས་འགྲེལ་བརྗོད་བྱེད་དུས་། སྐྱོ་བའི་ཚ་རླབས་ཤིག་སེམས་དབུས་ནས་འཕྱུར་ཡོང་བ་མ་ཚད།མི་གཤིས་མུན་ནག་གི་ལོག་ ལྟ་དེའི་དོན་དངོས་ཀྱི་ངོ་གདོང་ཡང་གསལ་བྱུང༌།

 

 ཐོག་ མར་བཟང་མོ་ཆུང་ནས་ད་བར་བདེ་སྐྱིད་ཀྱི་འཚོ་བ་རོལ་རྒྱུ་མ་བྱུང་བ་དེས་ད་ལྟའི་ གཤིས་སྤྱོད་ཀྱི་རྨང་གཞི་གཏིང་ཡོད་པར་འདོད་ལ།གལ་ཏེ་མ་འོངས་པར་བཟའ་ཚང་འདྲ་ འགྲིག་ནའང་ཁྱོ་བོས་ཡག་པོ་མ་བྱས་ན་རང་གི་བུ་ཕྲུག་གིས་ཀྱང་མོ་རང་དང་གཅིག་ མཚུངས་ཀྱིས་སྡུག་བསྔལ་མྱང་དགོས་ཀྱི་རེད་བསམ་པའི་རྔང་འཚབ་དེ་རེད།དེ་རྗེས་ བཟང་མོ་མཐོ་སློབ་སྐབས་སུ་འཁྲུག་ཆ་ཆེ་བའི་སློབ་གྲོགས་མཛེས་མ་འགས་མེད་དུ་མི་ རུང་ལྟར་གྱི་དགའ་རོགས་དེ་དག་དང་བརྩེ་དུང་ཆེ་མདོག་ཡོད་ཀྱང་དེ་རྗེས་ཆ་གཅིག་ ཀྱང་མ་འགྲིག་པར་མང་ཆེར་ཕན་ཚུན་གཡུག་ནས་གཞན་ཕྱོགས་སུ་བསྙེག་པའི་དངོས་ཡོད་ འཚོ་བའི་གནས་སྟངས་དེས་མི་སེམས་ལ་ཡིད་མུག་པའི་སྐྱོ་གདུང་གཏིང་ཟབ་ཅིག་སྤྲད་ འདུག་པ་དེ་རེད།

 

 བཟང་ མོའི་རང་གཤིས་ཀྱང་ཤིན་ཏུ་ངོ་ཚ་སྨིན་པོ་ཡིན་སྟབས་མ་འོངས་པར་མོ་རང་བཟའ་ཚང་ བསྒྲིག་ནས་ཕྲུ་གུ་འདྲ་བྱུང་ནའང་རྒྱུན་རིང་མི་བརྟེན་པར་ཁྱོ་བོས་གཡུག་ཆོག་ ཆོག་རེད་བསམ་པ་དེ་ཡིན།བཟང་མོས་དེང་གི་སྐྱེས་པ་མང་པོས་བུད་མེད་ཀྱི་གཡོ་ འཕྲུལ་གྱི་འཁྲབ་སྟོན་སྣ་ཚོགས་བྱང་བའི་བུ་མོ་ལ་དགའ་བ་དང༌།དེ་མིན་དགོས་དམིགས་ དབང་དུ་དགའ་རོགས་དང་བཟང་ཚོ་སྒྲིག་ཐབས་བྱེད་པ་མང་བས།ང་རང་མདོག་ཉེས་པའི་ཐོག་ བུ་ཚོས་མཐོང་བ་ཙམ་གྱི་ཞེ་མེལ་བ་ལྟ་བུར་དགའ་རོགས་རག་གི་མ་རེད་ལ།རག་ཀྱང་སེམས་ བསམ་པ་གཅིག་མཐུན་ཡོང་རྒྱུ་ཁག་པོ་ཡིན་།དེ་བས་ང་རང་རྒྱུན་དུ་ཁེར་རྐྱང་འཚོ་ རྒྱུར་དགའ་བ་ཞིག་གྱུར་སོང༌།ད་ལྟའི་ཆར་ཨ་ནེ་འདྲ་བྱེད་བསམ་པ་མེད་ཀྱང༌།གཅིག་ པུར་གྱི་ལྷིང་འཇགས་རོལ་རྒྱུ་དགའ་པོ་འདུག་ལ་རྙོག་དྲའང་ཉུང་བ་དང༌།མི་ཚེའི་ནང་ དཀའ་ཚེགས་ཆེ་བའི་མཐོ་སློབ་ཀྱི་དུས་ནང་སྤུན་མཆེད་སོགས་ཀྱི་རྒྱུན་དུ་དགུང་ སེང་ལེན་མཁན་དང་སེམས་ལ་ཕན་རོགས་བལྟ་མཁན་མེད་རྐྱེན་སེམས་ལ་སྡུག་བསྔལ་ཆེ་བས་ མ་འོངས་ཕྲུ་གུ་ཚོའང་སོ་སོ་ནང་བཞིན་སྡུག་བསྔལ་མྱང་ན་ཤིན་ཏུ་ནི་བློ་ཕམ་ཡོང་ རྒྱུ་རེད་བསམ་ནས་ཞེད་ཀྱི་འདུག་ཟེར།

 

 དོན་ དངོས་སུ་གནས་ཚུལ་དེའང་བཟང་མོས་འགྲེལ་བརྗོད་ཀྱི་རྒྱུ་མཚན་ལྟར་ཡིན་པ་དང༌།ཐོབ་ གོ་ས་དང་རྒྱུ་ནོར་དབང་ཆེན་གྱིས་ཁ་ལོ་བསྒྱུར་བའི་ཕོ་མོ་འཆམ་འགྲིག་དེ་ནི་གཡོ་ འཁྱོལ་གྱི་བྱ་ངན་ཞིག་ཡིན་པར་སུས་ཀྱང་རྟོག་ཐུབ་ཀྱང༌།ང་ཚོའི་ཡུལ་གྱར་གྱི་ སྤྱི་ཚོགས་ནང་སྐྱོན་ཆའམ་ཁེར་རྐྱང་གི་ཕོ་མོ་རྒན་གཞོན་སུ་ཡིན་ཡང་། རྒྱུན་རིང་བག་ཁུམ་དང་བསུན་བཙིར་གྱིས་འཚོ་བ་དང༌། དེ་ནས་ མི་མང་པོས་སེམས་མི་བདེ་བའམ་སྣང་རྟོག་གིས་རྐྱེན་པའི་ཆུང་ཙག་ཙིག་གི་གནས་དོན་ ཡིན་རུང་ཤིན་ཏུ་དོ་ནན་དང་ཡིག་གཟབ་བྱེད་པའི་རང་གཤིས་ཤིག་གསོ་སྐྱོང་བྱས་ འདུགདེའི་དབང་གིས་ཕན་ཚུན་མཛའ་འབྲེལ་གྱི་ཕུ་ཐག་ཐུང་བ་དེས་ང་ཚོའི་སྤྱི་ཚོགས་ སུ་སེམས་ངལ་ལྕི་བའི་གཞོན་ནུ་དུག་ནག་སོགས་སྤྱོད་མཁན་ཉུང་ཤོས་ཀྱང་རྒྱུན་ཆད་ མེད་པར་བྱུང་དང་འབྱུང་བཞིན་པ་འདིས་བོད་མི་ཡུལ་གྱར་བ་ཁྱུ་ཞིག་སྤྱི་ཚོགས་ཀྱི་ རྒྱུན་གཏན་འཚོ་བའི་ནང་དོམ་དམ་པའི་བདེ་དགའ་མེད་པའི་སེམས་ངལ་གྱི་ཟུར་ཞིག་ཀྱང་ གསལ་པོ་མཚོན་འདུག་སྙམ།