སྟོན་པའི་མཛད་པ་བཅུ་གཉིས་ལ་སྦྱར་བའི་སྙན་ངག་ཀུན་བཟང་འཁོར་ལོ།

ཚོགས་གཉིས་རྒྱ་མཚོ་ཆེ་ལས་ལེགས་འཁྲུངས་ཤིང།། མཛད་ཕྲིན་བཅུ་གཉིས་ཁྱིམ་ལ་མངའ་དབང་བསྒྱུར།། སྲིད་པའི་མུན་སེལ་ཕན་བདེའི་སྣང་ཆེན་སྦྱིན།། རྒྱལ་བ་ཉི་མའི་གཉེན་ལ་གུས་ཕྱག་འཚལ།། ཡེ་ཤེས་སྐུ་མཆོག་གུར་གུམ་གཞོན་ནུའི་མདོག ། ཤེས་རབ་རལ་གྲིས་བདུད་བཞིའི་སྙིང་རྩ་་འདྲལ།། དྲན་པས་སྙིང་ལ་མཚུངས་མེད་བདེ་སྟེར་བ།། འཇམ་དཔལ་དཔའ་བོ་ཞབས་པད་གཙུག་ན་བསྟེན།། ཐུབ་པའི་བསྟན་པ་དགོས་འབྱུང་ཡིད་བཞིན་ནོར།། བཤད་སྒྲུབ་རྒྱལ་མཚན་རྩེར་མཆོད་སྒྲེང་པ་ལ།། བློ་གྲོས་དཔུང་པའི་སྟོབས་རྒྱས་མཁས་རྣམས་དང།། ཁྱད་པར་དྲིན་ལྡན་མཁས་པའི་ཚོགས་རྣམས་བསྔགས།། མོས་པའི་པདྨོ་འཛུམ་དཀར་གཡོ་བའི་རྩེར།། དད་པའི་སྦྲང་རྩིས་མྱོས་པའི་སྦྲ་མ་ར།། རྒྱལ་བའི་མཛད་བཟང་དཔྱིད་ཀྱི་ཡོན་ཏན་ཚོགས།། བྱ་དཀའི་ལམ་ལྟར་བསྔགས་པའི་འདིར་དབྱངས་སྒྲོག །