འཛིན་བཟུང་བྱས་པའི་བོད་མི་རྣམས་ཀྱི་མིང་ཤེས་རྟོགས་བྱུང་བ།
དེ་རྗེས་ཉེ་སྐོར་གྱི་གྲོང་སྡེ་རྣམས་ཀྱིས་ཀྱང་དེ་བཞིན་བྱས་ཡོད་འདུག ཉེ་ཆར་གྲོང་སྡེ་ཁག་བཞི་ལ་རྒྱ་གཞུང་གིས་སྣུམ་འཁོར་སྤྲད་པ་མ་བླངས་པ་དང༌། ན་གཞོན་ཁག་ཅིག་གིས་མི་འདོད་པའི་རྣམ་འགྱུར་འདྲ་མིན་ཡང་བསྟན་ཡོད་འདུག
འདི་ཟླའི་ནང་རྒྱ་དམག་དང་ཉེན་རྟོག་པ་མང་པོ་ཡོང་ནས་བོད་མི་ན་གཞོན་བརྒྱད་འཛིན་བཟུང་བྱས་སྐོར་ཁ་སྔོན་ནས་ཕུལ་ཡོད་པ་ལྟར་ཁོང་རྣམས་ནི་གཤམ་གསལ་ལྟར་ཡིན་འདུག
༡༽ རི་མགོ་དགོན་པའི་གྲྭ་ལུང་དམར་ཚང་གི་བུ་བླ་མ་དཔལ་ཆེན་དབང་རྒྱལ། ལོ་ ༢༥
༢༽ བླ་མ་དཔལ་ཆེན་གྱི་སྤུན་མཆེད་སྐལ་བཟང་རྒྱལ་མཚན། ལོ་ ༡༩
༣༽ བཀྲ་ཤིས་ཚང་གི་བུ་ཆོས་དགའ། ལོ་ ༣༡
༤༽ མེ་རག་ཚང་གི་བུ་བསྟན་པ་རྣམ་རྒྱལ། ལོ་ ༢༥
༥༽ བསྟན་པ་རྣམ་རྒྱལ་གྱི་སྤུན་མཆེད་ཐུབ་བསྟན་རྣམ་རྒྱལ། ལོ་ ༢༠
༦༽ རི་མགོ་དགོན་པའི་གྲྭ་ཆོས་མགོན་ཚང་གི་བུ་ཨོ་རྒྱན་བསོད་ནམས། ལོ་ ༡༧
༧༽ དགེ་རྒྱ་ཚང་གི་མག་པ་དཔལ་འབྱོར། ལོ་ ༢༦
༨༽ དགེ་རྒྱ་ཚང་གི་བུ་ཐུབ་བསྟན། ལོ་ ༢༡
འཛིན་བཟུང་བྱས་པ་རྣམས་ལས་སྐལ་བཟང་རྒྱལ་མཚན་དང༌། ཐུབ་བསྟན། ཨོ་རྒྱན་བསོད་ནམས་གསུམ་གློད་བཀྲོལ་བཏང་ཡོད་འདུག་ཀྱང་བཀག་ཉར་སྐབས་ཉེས་བརྡུང་ཚབས་ཆེན་བཏང་བར་བརྟེན་སྐལ་བཟང་རྒྱལ་མཚན་དང༌། ཐུབ་བསྟན་གཉིས་ཉིས་ཤས་རིང་སྨན་ཁང་དུ་ལུས་ཡོད་འདུག བཀག་ཉར་བྱས་པ་རྣམས་ལ་རྒྱ་གཞུང་གིས་ཁྱོད་ཚོའི་ལས་འགུལ་དེ་དག་ལ་ངན་བསྐུལ་བྱེད་མཁན་སུ་ཡིན་དང༌། འགོ་གཙོ་སུ་ཡིན། རྒྱབ་རྩ་སུ་ཡོད་སོགས་བཤད་དགོས་སྐོར་ཚ་འདྲི་བྱེད་ཀྱི་ཡོད་འདུག གཞན་ཡང་དམག་མི་དང་ལས་བྱེད་པས་ཡུལ་མི་རྣམས་ལ་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་བཞིན་པ་མ་ཟད། ཚོགས་འདུ་འདྲ་མིན་ཚོགས་བཞིན་པ་ཡིན་འདུག་པས་འབྲེལ་ཡོད་བོད་དོན་རྒྱབ་སྐྱོར་ ཚོགས་པ་ཁག་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་འཛིན་བཟུང་བཀག་ཉར་དུ་ཚུད་པ་རྣམས་གློད་བཀྲོལ་ཡོང་ཐབས་དང༌། བོད་མི་རྣམས་ལ་རྡུང་རྡེག་དྲག་གནོན་མི་ཡོང་བའི་སྐྱབས་འཇུག་གནང་རོགས་ཞེས་ འབོད་སྐུལ་ཞུ་བཞིན་འདུག་པ་བཅས། ཆབ་སྲིད་སྡེ་ཚན་ནས་དགེ་བཤེས་སྨོན་ལམ་མཐར་ཕྱིན་པས་ ༢༠༠༩།༡༠།༣༠ ལ།།