གངས་རིའི་བུ་རྒྱུད

ལྷོ་འཛམ་གླིང་ས་ཡི་ཡང་མཐོ་ཁ་བ་ཅན།།

རི་མཆོད་རྟེན་འདྲ་བ་སྟོང་གིས་ཡོངས་སུ་བསྐོར།།

ཕ་སྤྲེ་འུ་རྒྱུད་ལས་མཆེད་པའི་གངས་རིའི་བུ།།

ཆོས་མ་ཎི་བྱིན་རླབས་སེམས་ན་རང་ཞུགས་ཡིན།།

གོས་ཁ་བའི་འདབ་མ་ལུས་ལ་བཀླུབས་ན་ཡང་།།

དགུན་འཆར་རླུང་གསེབ་ནས་མགོ་འཕང་མཁའ་རུ་གཏད།།

མཚོན་གོ་ལག་རྣོན་པོས་བྲང་དུ་བཙུགས་བཞིན་དུའང་།།

ལྷ་ཕྱག་ན་པད་མར་སྙིང་ནས་གསོལ་འདེབས་ཞུ།།

ཆབ་གངས་ཆུ་བཞེས་པའི་གདོང་དམར་བྲག་སྲིན་བུས།།

རིགས་དབྱེ་མེད་དགྲ་གཉེན་ཀུན་ལ་མ་ལྟར་གཅེས།།

ཆོས་དབྱངས་རྟ་གྱེར་བའི་གངས་ཅན་འགྲོ་བ་འདི།།

མ་རིགས་དྲུག་བསྐྱོང་མཁན་བྱམས་སེམས་ཅན་གྱི་རིགས།།