མི་ཚེ་གཅིག་ལ་བོད་སྐད་བཤད་ཅིང་བོད་ཟས་ཟ། བོད་གོས་གྱོན་བའི་དམ་བཅའ་བཞག

 

སྡེ་པའི་མི་མང་གིས་གོང་བསྐུལ་བྱེད་ས་ཞིག་ཡིན་འདུག་ལ།བྲག་གཡབ་ཆེ་ཚང་༧སྐྱབས་མགོན་བླ་མ་བློ་ལྡན་ཤེས་རབ་ཀྱིས་ཕྱི་ལོ་༡༩༩༣ ལོར་བྲག་གཡབ་བུ་དགོན་ཕྱོགས་སུ་དམའ་རིམ་སློབ་གྲྭ་གསར་འཛུགས་གནང་གྲུབ་པ་དེར་བླ་མས་བཀའ་དགོངས་བཞིན་གཙོ་འགན་བཞེས་ཡོད་པ་དང༌།སློབ་མ་ཚོར་རྟག་ཏུ་རང་མི་རིགས་ཀྱི་རིག་གཞུང་དང་ཡུལ་གོམས་གཤིས་ལུགས་བཟང་པོ་སོགས་མི་ཉམས་གཅེས་འཛིན་དགོས་པའི་བསླབ་བྱ་དང་བསྐུལ་འདེད་གནང་མཁན་ཞིག་ཡིན།

དེ་བཞིན་ཁོང་གིས་སློབ་མ་ཚོའི་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་དང་འཚོ་གོས་སོགས་ལའང་གང་ཅིའི་ཐད་ནས་གཅེས་སྐྱོང་ཆེས་ཆེར་གནང་གི་ཡོད་འདུག

འདས་པོ་འཛོམས་ལྷ་དཔལ་ལྡན་ལགས་རང་ཡུལ་དུ་འགོ་ཁྲིད་བྱས་པའི་དུས་རིམ་ནང་ཡུལ་མི་ཚོར་སྔར་ཡོད་བོད་ཀྱི་ཆས་གོས་སོགས་རང་མི་རིགས་སྲོལ་རྒྱུན་གྱི་གྱོན་པ་དེ་དག་བེད་སྤྱོད་པ་ལས་རྒྱ་གུང་ཁྲན་གྱི་ཆས་གོས་གོན་པ། རྒྱ་གཞས་གཏོང་བ་སོགས་གཏན་ནས་མི་ཆོག་པའི་ཡུལ་ལུང་དུ་རང་ཁྲིམས་བསྡམས་པ་དང༌། རྒྱའི་ལས་བྱེད་ཚོ་ས་གནས་ཁག་ཏུ་ཡོང་དུས་སྔར་སྲོལ་ངན་པ་བཞིན་དབང་བཤད་ཀྱི་འབྲོག་པ་ཚོར་ཤ་མར་སོགས་འཁྱེར་ཤོག་ཟེར་དུས་མ་སྤྲད་པར་བརྟེན། རྫོང་དང་ཤང་སྲིད་གཞུང་གི་དཔོན་པོ་ཚོས་ཐེངས་མང་ཁོང་གནས་དབྱུངས་གཏོང་རྩིས་ཀྱིས་སྡིག་རའང་བཀོད་འདུག

འོན་ཀྱང་གནད་དོན་དེར་ཡུལ་མི་ཚོས་ཁ་གཅིག་དྲག་ལྟར་ཁོང་མུ་མཐུད་སྡེ་པའི་དབུ་ཁྲིད་བསྡད་དགོས་པའི་རེ་འདུན་བཏོན་པ་མ་ཟད། ཡུལ་མི་འགའ་ཐེངས་ཁ་ཤས་འབྲེལ་ཡོད་སྲིད་གཞུང་ཁག་ཏུ་ཁྲིམས་གཏུག་ཀྱང་བྱེས་སྟབས། གོ་གནས་ནས་གནས་དབྱུང་བཏང་མ་ཐུབ་པའི་མི་མང་ལ་རྒྱལ་ཁ་ཐོབ་ཡོད་པ་རེད། ཡུལ་མི་ཚོས་འཛོམས་ལྷ་དཔལ་ལྡན་ནི་ལྷག་བསམ་དང་དྲང་ལྡན་ཁོ་ནའི་ཕྱག་ལས་གནང་མཁན་ཞིག་ལ་ངོས་འཛིན་པ་དང༌། མི་མང་ཚོས་ཁོང་ལ་དགའ་ཞེན་ཆེན་པོ་ཡོད་པ་མ་ཚད། རྒྱུན་དུ་ཁོང་ལ་རེ་བལྟོས་བཅོལ་གྱི་ཡོད་པ་རེད།

ཁོང་སྐུ་འཚོ་བཞུགས་རིང་རྒྱ་ནག་གཞུང་ལ་ཞེ་བསམ་པའི་གཏིང་ནས་དགའ་པོ་མེད་ཅིང༌། རང་རིགས་ལ་དུང་བ་ཟབ་པའི་སྒོ་ནས་ཚེ་གཅིག་ལ་བོད་སྐད་གཙང་མ་བརྗོད་ཅིང༌། བོད་ཟས་ཟ་བ། བོད་ཆས་གྱོན་པ་ལས་ཁོང་འཚོ་བཞུགས་ཀྱི་དགོང་ལོ་ལྔ་བཅུ་ང་བརྒྱད་རིང་རྒྱ་ཟས་ཁ་ལ་ཟ་མྱོང་མེད། དེ་སྔོན་ཁོང་ཡུལ་སྡེའི་དབུ་ཁྲིད་ཡིན་པའི་ངོས་ནས་གཞན་དང་མཉམ་དུ་ལྷ་སར་འཐུས་མིར་ཕེབས་དགོས་པའི་སྐབས་སུ། དུས་ནམ་ཡང་༸གོང་ས་མཆོག་ལ་མཚན་དམད་ཞུ་བ་སོགས་དམ་ཉམས་ཀྱི་ལས་ངན་བྱས་མྱོང་མེད་ལ། ཚོགས་འདུའི་བར་གསེང་ནང་རྒྱའི་གོ་སྒྲིག་བྱས་པའི་ཟས་སྣ་རིགས་རྩ་བ་ནས་ཟ་ཡི་མེད་པ་སོ་སོའི་ཕ་ཡུལ་ནས་འཁྱེར་ཡོང་བའི་བོད་ཟས་རོལ་གྱི་ཡོད་པ་རེད།

བོད་མི་འཛོམས་ལྷ་དཔལ་ལྡན་ཁོང་སྐུ་ཚེ་འཕེན་པ་མ་རྫོགས་བར་ཁ་ནས་བོད་སྐད་བརྒྱབ་པ་དང༌། ལུས་ལ་བོད་ཆས་གྱོན་པ། ཁ་ནས་བོད་ཟས་ཟ་རྒྱུ་ནི་ཁོང་རང་གི་མི་ཚེའི་དམ་བཅའ་ཡིན་འདུག་གོ།