དབྱིངས་ཆུང་དང་འདོད་ཆེན་གྱི་རྩོད་གླེང༌།
ཀ་ཡེ་ཆོས་དཔོན་དབྱིངས་ཆུང་ཁྱོད༎
ཁ་ནས་མ་ཎི་བགྲང་ཁུལ་གྱིས༎
ག་སར་སྤྲང་འཁྱམས་ཕེབས་སྤྲོ་ཅན༎
ང་ལ་ཞེད་སྣང་དགོས་དོན་ཅི༎
ཅེས་ཟུར་ཟའི་ཚིག་གི་མདའ་མོ་དེ་བཞིན་འཕངས་པས༎
དབྱིངས་ཆུང་གིས་འདོད་ཆེན་གྱི་སྐད་ཆ་དེར།
ཅ་ཅོ་མ་མང་འདོད་ཆེན་དཔོན༎
ཆ་ལ་མི་མཐུན་ང་རང་གཉིས༎
ཇ་ཆུ་ཙམ་ལའང་མི་འབྲེལ་བས༎
ཉ་ཆུང་ཐང་དུ་འཚོ་བར་དཀའ༎
ཞེས་མཐུན་དཀའ་བའི་རྣམ་འགྱུར་ཞིག་བསྟན་པར། འདོད་ཆེན་གྱིས་སླར་ཡང༌།
ཏྰ་རེ་དཔལ་མོ་མ་སྒོམ་པར༎
ཐ་ཤལ་བཞིན་དུ་ལས་ལ་བྲེལ༎
ད་དུང་ཚུལ་ཁྲིམས་ལྡན་མདོག་གིས༎
ན་བཟའ་མཛེས་ཀྱང་དོན་གོ་ཆུང༌༎
ཞེས་སླར་ཡང་ཚིག་རྩུབ་སྔར་ལས་གཟན་པ་ཞིག་སྨྲས་པར་དབྱིངས་ཆུང་སེམས་རབ་ཏུ་ཁྲོས་ཏེ།
པ་ཕའི་ལས་སྣེ་ཤུགས་ཀྱིས་དྲངས༎
ཕ་ས་བཟུང་ཡང་དོན་མི་རྟོགས༎
བ་གླང་རྒན་པོའི་རྨོངས་གཉིད་ལས༎
མ་སད་འདོད་ཆེན་ལས་ངན་རང༌༎
ཞེས་ལན་གནག་པོ་ཞིག་བསློགས་པར་འདོད་ཆེན་གྱིས་ཁོག་ནང་འཁྲེལ་དགོད་ཅིག་དང་སྦྲགས་ཏེ་འདི་ལྟར་སྨྲས་སོ༎
ཙ་ཆུའི་བདག་པོ་འདོད་ཆེན་དང༌༎
ཚ་ཚོད་མེད་པའི་དབྱིངས་ཆུང་གཉིས༎
ཛ་དྲག་རྩོད་གླེང་མང་ན་ཡང༌༎
ཝ་མོའི་རང་གཤིས་དོར་བ་དཀའ༎
ཞེས་ད་དུང་ཡང་དབྱིངས་ཆུང་ལ་མཐོང་ཆུང་གི་ཚུལ་དུ་བརྗོད་པས། དབྱིངས་ཆུང་གིས་རང་ཚོད་ཀྱི་བསམ་བློ་ལྷོད་པོ་ཞིག་བཏང་སྟེ་སྨྲས་པ།
ཞྭ་སེར་ངུར་སྨྲིག་འཛིན་པའི་བདག།
ཟ་ཟི་སྐད་ཆ་རིང་ནས་སྤངས༎
འ་ཅག་གཞི་མེད་རྩོད་གླེང་ལ༎
ཡ་ལན་བསློག་པའི་ཁོམ་པ་མེད༎
ཅེས་དང༌། སྐད་ཆ་དེར་ཅུང་མ་འགྲིག་པར་བསམ་སྟེ་མིག་གཉིས་ཧྲིག་ཧྲིག་འགའ་བྱས་རྗེས་མུ་མཐུད་ནས།
ར་ལུག་ནོར་དང་ཕ་ཞིང་སོགས༎
ལ་ལུང་གྲོང་འབངས་ཀུན་དབང་ཞིང༌༎
ཤ་མར་ཐུད་སོགས་ཟས་ཀྱིས་ཕྱུག།
ས་སྟེང་འདི་ཡི་དཔོན་ཆེན་ལགས༎
ཞེས་འདོད་ཆེན་ལ་ལྐོག་བལྟ་བྱེད་བཞིན་ཆེ་མཐོང་གི་བསྟོད་ཚིག་འགའ་སྨྲས་པས།འདོད་ཆེན་དེ་མུར་ང་རྒྱལ་གྱི་རི་བོ་མཁའ་དབྱིངས་སུ་བསྙེགས་ཏེ།གནས་སྐབས་ཀྱི་ཁོང་ཁྲོ་རང་སར་ཞི་ནས་ལམ་སེང་འཛུམ་མུལ་གྱིས་ངང་ནས།
ཧ་ཅང་དྲང་བའི་སྐད་ཆ་དེར༎
ཧ་ཧ་མི་དགོད་སུ་ཞིག་ཡོད༎
ཨ་མཚར་ཆེ་བའི་དབྱིངས་ཆུང་ལ༎
ཨ་ལན་བསློག་པའི་དགོས་པ་ཆུང༌༎
ཞེས་སྨྲས་ཏེ་རྒྱལ་མདོག་གི་འཛུམ་མདང་ཡལ་མེད་ཅིག་མངོན་ཞིང༌།འདོད་ཆེན་གྱི་དཔོན་མགོ་མཐོན་པོ་གནམ་ལ་གཏད་དེ་ཆོས་པ་དབྱིངས་ཆུང་ལ་ཕྱི་མིག་ཙམ་མ་བལྟས་པར་རི་གྲོང་དུ་ཕྱིར་ལོག་པའོ༎
ཧོར་འཇིགས་ཀྱི་རྩོམ་ལ་རིགས་འབྲེལ་ནས་བྲིས།
2006ལོའི་ཟླ་5ཚེས་8ཉིན། །