ཡུ་རོབ་མཉམ་འབྲེལ་གྱི་བསྒྲགས་གཏམ་རྩིས་མེད།
དེ་བཞིན་ཡུ་རོབ་མཉམ་འབྲེལ་གྱི་ངོས་ནས། ཁྲིམས་ཆད་ཕོག་ཟིན་པའི་བོད་མི་རྣམས་ལ་གནས་སྟངས་ཇི་འདྲའི་འོག་ཁྲིམས་བཤེར་བྱས་ཡོད་མེད་དང༌། ལྷག་དོན་བོད་མི་དེ་དག་ལ་དྲང་བདེན་གྱི་ཁྲིམས་བཤེར་ཡོང་རྒྱུའི་བརྒྱུད་རིམ་ཚད་ལྡན་ཞིག་གི་ཐོག་ལག་བསྟར་བྱས་ཡོད་མེད་ཐད་ལ། སེམས་འཚབ་ཆེན་པོ་ཡོད་པ་ནན་བརྗོད་བྱེད་རྒྱུ་ཡིན་ཞིང། སྤྱིར་བོད་ནང་གྱེན་ལངས་ཀྱི་དོན་རྐྱེན་བྱུང་བའི་སྐབས་དྲག་པོའི་ལས་འགུལ་སྤེལ་མཁན་བྱུང་ཡོད་ན། དེ་ལ་འཚམས་པའི་ཁྲིམས་ཆད་གཏོང་རྒྱུའི་ཐོབ་ཐང་ཡོད་པ་བཞིན། ང་ཚོ་ཡུ་རོབ་མཉམ་འབྲེལ་ཀྱི་ངོས་ནས་གུས་བརྩི་ཞུ་བཞིན་ཡོད་མོད། དེ་ལས་ལྡོག་པའི་དྲང་བདེན་མ་ཡིན་པའི་ཁྲིམས་ཆད་འོག་འགྲོ་བཞིན་པའི་ཉེས་མེད་ཀྱི་ཚེ་སྲོག་དེ་དག་སྲུང་སྐྱོབ་ཀྱི་ཆེད་དུ་ངོ་རྒོལ་བྱེད་རྒྱུ་ནི། ཡུ་རོབ་མཉམ་འབྲེལ་གྱི་ཆོད་སེམས་ཡིན་པས་སླར་ཡང་རྩ་འཛིན་ཞུ་རྒྱུ་ཡིན་ལ། དེ་དང་ཕྱོགས་མཚུངས་ལོ་སྔོན་མ་བོད་ནང་ཞི་རྒོལ་སྐབས་ཀྱི་བཙོན་པ་སྲོག་ཁྲིམས་ཕོག་ཡོད་པ་ཚང་མར་ཉེས་ཆད་ཆག་ཡང་གཏོང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། དེ་བཞིན་རྒྱ་ནག་ནང་སྲོག་ཁྲིམས་གཅོད་རྒྱུ་དེ་དག་མེད་པ་བཟོ་ཆེད་དུ། རྒྱལ་ཚོགས་ཀྱི་གྲོས་ཆོད་རྣམས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་སོགས་བརྗོད་ཡོད་པ་རེད།
ཟླ་སྔོན་མའི་ཚེས་༣༡ ཉིན་རྒྱ་ནག་པེ་ཅིང་གཞུང་གིས་ཡུ་རོབ་སྲིད་འཛིན་ལྷན་ཁང་གི་བསྒྲགས་གཏམ་དེ་རྩིས་མེད་གཏོང་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་དང༌། རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་མཱ་ཀྲའོ་ཤུས་ཀྱིས། ཡུ་རོབ་མཉམ་འབྲེལ་ཕྱོགས་ནས་རྒྱ་ནག་གི་གནད་དོན་ཐག་གཅོད་ལ་ངོ་རྒོལ་བྱས་པ་དེར། རྒྱ་ནག་གི་ངོས་ནས་ཚོར་སྣང་ཆེན་པོའི་ཐོག་ནས་དང་ལེན་བྱེད་ཐབས་མེད་ལ། བོད་མི་དེ་དག་གིས་སྲོག་ལ་ཐུག་པའི་ནག་ཉེས་བསགས་ཡོད་པ་དང༌། དེ་བཞིན་གྲངས་ཉུང་མི་རིགས་ནང་ཁུལ་དུ་འགལ་ཟླ་དང་ཟིང་འཁྲུག་གི་འགོ་འཛུགས་མཁན་ཡིན་ཚུལ་སོགས་བརྗོད་ཡོད་པ་དང༌། དེ་བཞིན་ཁ་བྲལ་རིང་ལུགས་པའི་ཕྱོགས་ཁག་གིས་ཟིང་འཁྲུག་དེ་འཆར་འགོད་དང་གོ་སྒྲིག་བྱས་ཡོད་པའི་བདེན་དཔང་ཡོད་ཅེས་བསྐྱར་བརྗོད་ཡང་བརྗོད་བྱས་ཏེ། མཐར་ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བདག་དབང་མེད་ཅེས། རྒྱུན་དུ་བརྗོད་བཞིན་པའི་སྐད་ཆ་རྙིང་པ་དེ་སྐྱར་ཟློས་བྱས་ཡོད་པ་རེད།
ད་དུང་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པས་རྒྱ་ནག་དང་ཡུ་རོབ་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་འགྲོ་སྲིད་པའི་ཉེན་བརྡ་བཏང་བ་དང། “ང་ཚོས་ཡུ་རོབ་མཉམ་འབྲེལ་ལ་སྐད་ཆ་གཅིག་འདྲི་དགོས་པ་ནི། སྤྱི་སྙོམས་ཀྱི་རྩ་དོན་དང་ཕན་ཚུན་གུས་བརྩི་ཟེར་བ་དེ་འགྱུར་བ་མེད་པའི་ཐོག་ནས་ལག་བསྟར་བྱེད་དགོས་པ་ལས། བོད་རང་བཙན་དང་ཁ་བྲལ་གྱི་ལས་འགུལ་ལ་བཙན་སྐུལ་བྱེད་པའི་ནོར་འཁྲུལ་ཅན་གྱི་བརྡ་ལན་དེ་དག་མཚམས་འཇོག་དགོས་པ་དང༌། དེ་འདྲ་བྱས་ན་རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་གཉིས་ཀྱི་འབྲེལ་ལམ་དེ། ཚུལ་མཐུན་དང་སྲ་བརྟན་ངང་ནས་རྒྱུན་གནས་བྱས་ཏེ་འཕེལ་རྒྱས་གཏོང་ཐུབ་ངེས་རེད་”ཅེས་བརྗོད་ཡོད་པ་རེད། དེ་བཞིན་ྋགོང་ས་མཆོག་དང་བོད་གཞུང་གིས་ཆེས་མཐོའི་རང་སྲིད་རང་སྐྱོང་ཁོ་ན་རྩོད་ཀྱི་ཡིན་ཞེས་བརྗོད་པ་ཙམ་ལས། དོན་དངོས་ཐོག་བོད་རང་བཙན་རྩོད་ཀྱི་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།