བོད་དོན་དང་འབྲེལ་བའི་འགྲེམས་སྟོན་བཀག་འགོག
ཌི་རཱིག་དྲ་རྒྱ་ཚོགས་པ་ནི་འཛམ་གླིང་ནང་པར་མཛོད་དང་བརྒྱུད་ལམ་སོགས་ནས་འགྲོ་བ་མིའི་ཐོབ་ཐང་དང། སྤྱི་ཚོགས་ལེགས་བཅོས་བྱེད་མཁན་གྱི་ཚོགས་པ་སྙན་གྲགས་ཅན་ཞིག་ཡིན་པ་དང། འདས་པའི་ལོ་བཅུ་ཕྲག་གཉིས་ལྷག་གི་རིང་འགྲེམས་སྟོན་ཆེ་ཆུང་སྣ་ཚོགས་བྱས་ཡོད་ཅིང༌། ལོ་འདིར་བོད་མི་རྣམས་ཇི་ལྟར་བཙན་བྱོལ་དུ་ཡོང་བའི་སྐོར་འགྲེམས་སྟོན་སྐབས། དབུ་འབྱེད་མཛད་སྒོར་བྷང་ལ་དྷེ་ཤིའི་དབུ་ཁྲིད་གལ་ཆེན་འགའ་ཤས་ཕེབས་ནས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད། འགྲེམས་སྟོན་འགོ་བཙུགས་ནས་ཡུན་རིང་མ་སོང་བར་ས་གནས་ཉེན་རྟོག་པ་འབྱོར་ནས་འགྲེམས་སྟོན་བྱེད་སའི་རྒྱལ་སྒོ་བཀག་ནས་འགྲེམས་སྟོན་སྒོ་རྒྱག་བཅུག་ཡོད་པ་རེད། སྤྱིར་འགྲེམས་སྟོན་དེ་བདུན་ཕྲག་གཅིག་རིང་བྱེད་འཆར་ཡོད་ནའང། མུ་མཐུད་ཐུབ་མིན་ལ་དཀའ་ངལ་འཕྲད་ཡོད་པ་རེད། ཌ་རཱིག་ཚོགས་པའི་འགན་འཛིན་ཤ་ཧི་དྷུལ་ཨ་ལཱམ་མཆོག་གིས་གསུང་དོན། སྤྱིར་འགྲེམས་སྟོན་འགོ་མ་ཚུགས་པའི་ཉིན་གཉིས་སྔོན་ནས་རྒྱ་ནག་གཞུང་ཚབ་ནས་ལས་བྱེད་གཉིས་སླེབས་ནས་ལས་དོན་དེ་མཚམས་འཇོག་དགོས་སྐོར་བརྗོད་སོང་ཞེས་བརྗོད་ཡོད་པ་རེད། ལས་འགུལ་སྤེལ་མཁན་ཚོགས་པ་མང་པོས་འགྲེམས་སྟོན་དེར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་རེད། །