དཔོན་གཟེ་མ་ར་མགོ
གྲོང་དབུས་སྲང་ལམ་གྱ་གྱུར་དུ་ཁྲོམ་གཞུང་མོག་མོག་ཁྲོད་སྤོ་བོ་རྒྱགས་པ་ལགས་ཀྱིས་སོ་སོའི་ཡོད་འོངས་ཀྱི་སྨྲ་རར་བྱིལ་བྱིལ་བྱེད་བཞིན་ཡུལ་གྱར་ལུང་ཁུག་གི་མི་ཚེའི་གྱ་གྱུར་གྱི་ཁྲང་ལམ་དེར་བསམ་གཞིགས་ཀྱི་དབུགས་རིང་ཐེངས་འགར་རྔུབ་རྗེས།ཁོའི་ཉེ་འཁྲིས་སུ་གྱོན་ཆས་ཀྱི་ཁྲོམ་རྫས་གཤམ་མཁན་སྤྲེལ་ཕྲུག་ལ་ཚོགས་སྡེའི་གཙོ་དཔོན་གཟེ་མ་ར་མགོའི་སྐོར་ཞིག་བྲིས།
“མུ་མེད་བདག་འཛིན་གྱི་བྱེ་ཐང་དུ་རིགས་མཐུན་ཚོའི་འཆམ་མཐུན་གྱི་སྐོམ་གདུང་སད་འདོད་ཀྱི་གཙང་ཆུ་ཞིག་ལ་མ་རེ་ཤིག“སྤྲེལ་ཕྲུག་ཐང་ཆད་མདོག་གིས་དེ་ལྟར་སྨྲ་བཞིན་མུ་མཐུད་དེ“གོང་མའི་དཔོན་ལ་མགོ་བསྐོར་གྱི་རྙི་ཞགས་འཕན།གཤམ་འོག་གཡོག་ལ་བརྙས་བཅོས་ཀྱི་མདུང་རྩེ་གཏད།ད་ཆ་རིགས་མཐུན་དབར་ཁོའི་གནོད་སེམས་ཀྱི་སེར་བ་ཕབ་ཐེངས་མང་བས་སྤུན་གྲོགས་དབར་མཛའ་མཐུན་གྱི་ལྗང་སྨྱུག་གཏོར་ལ་ཉེ།ཨ་ཤེ་ཤེ།ཀླད་མེད་མི་རྣམས་ནས་ད་དུང་ཡང་དཔོན་ངན་དེར་འཛད་མེད་རེ་བས་ཁེངས་བའི་དམིགས་མདུན་གྱི་མིག་ཟུང་ཀེམ་ཀེམ་གཡོ་བཞིན་དཔོན་གཟེ་མ་ར་མགོར་དྲང་བདེན་གྱི་མི་གཤིས་སུ་བཅོས་ཏེ་བཟང་ཕྱོགས་ཀྱི་ལམ་བུར་རྒྱུ་བའི་སྟོང་བསམ་གྱི་རེ་ལྟོས་ནགས་ལྗོངས་ལས་སྟུག་འདུག“ཟེར།
ལོ་ཟླའི་འགྱུར་རླབས་བཙན་བའི་རྒྱ་མཚོ་ཆེན་མོའི་རྦ་རླབས་ཇེ་བཞིན་ཇེ་མཐོ་ནས་ཇེ་མཐོར་འཕྱུར་ནའང༌།དཔོན་གཟེ་མ་ར་མགོའི་རྒྱུན་འགྱམས་སུ་སོང་བའི་ངན་གཤིས་ལ་འགྱུར་ལྡོག་སྤུ་ཙམ་མེད་པར་ཁོས་སླར་ཡང་རྟོགས་དཀའ་བའི་སྡང་སེམས་ཀྱི་སྦར་མོ་རྩུབ་པོ་དེ་རྐྱོང་ཐེངས་རེར་དམངས་རྣམས་ཕྱོགས་ལྷུང་འཐེན་འཁྱེར་གྱིས་འཐབ་འཁྲུག་ཆེ་བའི་འདམ་རྙོག་ནང་གཡུག
སྔར་འདུམ་འགྲིག་གི་འཚམས་སྤྲིན་རྒྱང་དུ་བོར་ཏེ་གཡོ་སྒྱུའི་སྨྱོ་གར་ལ་ཚད་མེད་རོལ་བཞིན་གཞན་ཕན་དང་རང་དབང་གི་མཁའ་རླུང་གཙང་མ་རྔུབ་པར་དཀའ་བས་འཐབ་རྩོད་ཀྱི་གྲི་དང་སྟ་རེ།མདའ་དང་མདུང་རྩེ་སོགས་ལས་མཐུན་གྱི་གྲོགས་ཕན་ཚུན་དབར་འཕྱར་བཞིན་གཅེས་པའི་བདེ་འདོད་ཀྱི་སྲོག་རྩ་བཅད།ཟང་ཟིང་ཁྲག་གི་ཡུར་ཆུ་འཐེན་སྐད།
དཔོན་གཟེ་མ་ར་མགོས་ཕྱིར་མི་མངོན་བའི་ནང་འཁྲུག་གི་གཡུལ་ལས་བཀྱེ་བཞིན་པའི་རིགས་མཐུན་ཚོའི་སྡུག་བསྔལ་གྱི་ངོ་གདོང་མཐོང་ཚེ་ཁོས་རྟག་ཏུ་ཁོག་འཛུམ་ཞིག་ཤོར་གྱི་ཡོད་ལ།དེ་རྗེས་ཁོའི་བསག་བསག་སྒྲུབ་སྒྲུབ་བྱས་མཐར་སྐད་གྲགས་ཆེ་བའི་ཁོའི་ལྷ་སྲུང་མའི་འདྲ་སྐུས་ཁེངས་པའི་ཡིད་བཞིན་མགོན་ཁང་རྫིག་པོ་ཞིག་གྲུབ་པའི་ནང་བདག་འཛིན་ཆེ་བའི་རྙི་རྒྱ་ནང་ལྷུང་ཚར་བའི་གཟེ་མ་ར་མགོས་རྒྱལ་མདོག་གིས་ཁོང་དགོད་ཤིག་ཤིག་ཤོར་བཞིན་གནས།
ཞེ་སྡང་གི་མྱོས་ཆུས་མི་གཤིས་ཀྱི་མཚོན་མདོག་བསྒྱུར་ཞིང་གཉིད་ཁོམ་མེད་པའི་དཔོན་གཟེ་མ་ར་མགོ་ཁོའི་ཡིད་བཞིན་མགོན་ཁང་སྦུག་ཏུ་འཛུལ་ནས་འདོད་པའི་ལག་ཟུང་མདུན་དུ་ཟུམ་ཏེ།༌༌༌༌༌“ནོར་ལྷ་རྒྱལ་པོས་མཁྱེན།༌༌༌༌༌ངའི་རྒྱུ་ནོར་དང་དབང་ཐང་སྲ་བརྟན་ཡོང་ཕྱིར་དཀའ་སྡུག་ཚད་མེད་ཀྱིས་ཁྱེད་ལ་ལེགས་སྐྱེས་ཕུལ་ཡོད།༌༌༌༌༌༌ད་དུང་ངའི་རིགས་མཐུན་དབར་ལའང་སྡང་གཟུགས་ཀྱི་གཡོ་ལས་ཐེངས་མང་གཤམ་དགོས་བྱུང༌།༌༌༌༌༌༌༌འོན་ཏེ་ང་ལ་ཅི་ཁག༌༌༌༌༌༌༌༌ང་རང་དང་ངའི་ཁྱིམ་མི༌།༌༌༌༌འོ་རེད།ཨ་རྩིས།༌༌༌༌༌༌༌༌༌༌སྙིང་རྗེ།༌༌༌༌ད་དུང་ང་ལ་བླ་དཀར་སེམས་དཀར་བྱེད་མཁན་ཕྱོགས་རྟོགས་ཀྱི་གླན་རྐུག་དེ་ཚོ།༌༌༌༌༌༌ངའི་གོ་དབང་ཆེད་དུ་ང་ལ་ཕྱི་ནང་གསང་གསུམ་གྱིས་རོགས་སྐྱོར་བྱེད་མཁན་དེ་དག་ལའང་ཁེ་སང་ཅུང་རག་པའི་ཆེད་དུ།༌༌༌༌༌༌༌༌དེ་དང་དེ་འདྲ་བ་ངའི་རྒྱུ་ནོར་དང་དབང་ཆར་འགྲམ་ཆུ་སྡང་མཁན་ཕྱོགས་རྟོགས་ཚོར་ཁེ་སང་ཅུང་རག་ཐུབ་པ་ཚང་མ་ངའི་གོ་དབང་དང་རྒྱུ་ནོར་གྱིས་བསྐྲུན་ཐབས་བྱས་པར་གང་ཟག་སུ་འདྲ་ཡིན་ཡང་ཤེས་བཞིན་ཡོད།༌༌༌༌༌༌༌༌༌༌མུ་མཐུད་དེའི་ཆེད་དུ་ངའི་ཚེ་སྲོག་བསྲིངས་བར་མཛོད་ཅིག་“ཅེས་སྨོན་ལོག་འདེབས།
རྒྱུ་དབང་གི་བྲན་དུ་ཚུད་པའི་ཁོས་ཅོལ་ཆུང་གི་མགོ་བོ་བར་སྣང་དབྱིངས་སུ་གྱེར་ནས་རྒས་གཉེར་གྱི་བང་རིམ་མང་དུ་འགྲོ་བཞིན་པའི་ངོ་གདོང་གི་བྱི་མིག་གཉིས་བཙུམ་ཙམ་བཙུམ་ཙམ་བྱེད་བཞིན་མིག་ཆུ་འབྲུ་ལྡོག་འགའ་ཟངས་ཀྱི་བཟོས་ཤིང་གསེར་ཁུ་ཐེངས་མང་བྱུག་པའི་སྲུང་མ་མགོན་པོ་དེ་གཉིས་ཀྱི་མདུན་དུ་ལྷུང།
རི་གྲོང་དབུས་སུ་ནང་ཁུལ་འགལ་ཟླའི་གཡུལ་འཐབ་ཀྱི་འཁྲུག་ལོང་ཁྲོད་མི་རྣམས་སེམས་ངལ་དེའི་གཡས་ཆད་གཡོན་ལྡུམ་གྱི་རྨས་སྐྱོན་འཁྱེར་ཏེ་སྟོང་ལྷང་ལྷང་ཡུལ་གྱར་སྐྱོ་གདུང་གི་ཁང་ཆུང་ནས་ནག་རོབ་རོབ་སེམས་ཁམས་ཀྱི་ཚོར་བ་སྐྱུར་མོས་ཕྱོགས་རེ་བའི་སྒེར་དོན་ཁོ་ནའི་ཆེད་དུ་རྒྱ་ཆེ་ཞིང་གཏིང་ཟབ་པའི་རིགས་མཐུན་ཚོའི་ཆིག་སྒྲིལ་གྱི་རེ་བ་རྫོགས་ལ་ཉེ་བར་བརྟེན།རེ་བ་ཟད་པའི་སྐྱོ་ངལ་གྱི་སྨེ་ངག་ཆད་མེད་འདོན་བཞིན་མཆིས།
སྤོ་བོ་རྒྱགས་པ་ལགས་ཀྱིས་སྤྲེལ་ཕྲུག་གི་གཏམ་ངན་དེ་དག་ཐོས་མ་ཐག་སླར་ཡང་དབུགས་རིང་ནར་ནར་འགྱིན་བཞིན། “ད་ག་རེ་ཡིན་ནམ།མི་ངན་དེ་ཚོ་ཡིན་ན།ང་ཚོའི་དུས་ལ་བློ་དཀར་སེམས་དཀར་ཅན་མང་པོ་མཐོང་རྒྱུ་ཡོད།དེ་དག་གིས་འབད་བརྩོན་ལ་བརྟེན་ནས་རིགས་མཐུན་དབར་ལ་འཆམ་མཐུན་འགྲིག་ཙམ་ཡོད་མོད།ད་ཅི་དྲག༌༌༌༌༌༌༌ཀྱེ་ཧུད།༌༌༌༌༌༌༌༌༌༌༌སྒེར་དོན་སྨུག་ལོང་ཁྲོད་ལྕང་ལོ་ས་གཞིར་ལྷུང་བའི་ཤག་སྒྲ་ཙམ་ལས་ལེགས་ཆ་ཐོས་རྒྱུ་མེད་པར་ཚེ་སྲོག་སྐམ་པོ་འགས་གཞན་ཕན་དང་བདེ་སྒྲུབ་དགེ་སྐྲུན་དགོས་པའི་མི་ཆོས་ཀྱི་རྩ་བའི་སྙིང་དོན་ལ་འཕང་མེད་བཅོམ་འདོད་ཆེ།
དཔོན་གཟེ་མ་ར་མགོ་ལྟ་བུའི་གང་ཟག་དེ་དག་གདུག་རྩུབ་ཀྱི་ཚེ་སྲོག་བསྲིངས་ནས་རྙེད་དཀའ་བའི་མི་ལུས་རིན་ཆེན་ནང་གཞལ་མེད་བདེ་སྐྱིད་ཀྱི་རིན་ཐང་ལ་གནག་སེམས་ཀྱིས་མཆི་ཞགས་མི་འཕེན་པར་༌༌༌༌༌༌༌༌༌༌༌༌རང་དབང་དང་བག་འཕེལ་ཞིང་ཁ་བ་གངས་ཅན་ལྗོངས་ཀྱི་རིགས་མཐུན་སྤྱིའི་ཕན་བདེའི་ཆེད་དུ་ལས་དོན་ཞིག་སྒྲུབ་པར་ད་དུང་ཡང་ནང་འགལ་དང་འཐེན་འཁྱེར་གྱི་འགག་སྒོ་བཙན་པོ་ཅི་ཙམ་གྱི་བང་རིམ་གཏོར་དགོས་སམ།“༌༌༌༌༌༌ཞེས་ཁྲོམ་གཞུང་དུ་རང་ཉིད་ཀྱིས་ཁེར་ལབ་བྱེད་བཞིན་བསྡད༎
༢༠༠༦།༠༥།༡༣ ཉིན་རྫོགས་པར་བྲིས།